འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་
རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་གསར་གཏོད་ཟབ་གཏོང་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་གསར་གཏོད་ཟབ་གཏོང་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     1.དོན་སྙིང་གལ་ཆེན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས་དེས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་འཁུར་ཡོད། བསམ་བློ་ཆབ་སྲིད་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་གྱི་འགག་རྩའི་སློབ་ཚན་ཞིག་ཡིན་སྟབས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་བྱ་ཐབས་ནུས་ལྡན་སྤྱད་དེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་དུས་མཚུངས་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་འཕྲད་སྐབས་ས་ཆ་ཁ་ཤས་དང་སློབ་གྲྭ་ཁ་ཤས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་གནད་ལ་མི་འཁེལ་བ་དང་། སློབ་ཁང་གི་སློབ་ཁྲིད་ཀྱི་ཕན་འབྲས་ད་དུང་ཆེ་རུ་གཏོང་དགོས་པ། སློབ་གཞིའི་ནང་དོན་གསོན་ཉམས་དོད་པོ་མེད་པ། དགེ་རྒན་འདེམས་མངགས་དང་གསོ་སྐྱོང་གི་ལས་དོན་ལ་མི་འདང་བའི་ཆ་མང་བ། སྒྲིག་སྲོལ་དང་ལམ་སྲོལ་ད་དུང་འཐུས་སྒོ་ཚང་དུ་གཏོང་དགོས་པ། གདེང་འཇོག་དང་རྒྱབ་སྐྱོར་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་པ། དམངས་བཙུགས་སློབ་གྲྭ་དང་ཀྲུང་ཕྱིའི་མཉམ་ལས་ལ་བརྟེན་ནས་བཙུགས་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བལྟོས་བཅས་ཀྱིས་ཞན་པ། རིགས་ཁག་གི་སློབ་ཚན་དེ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཡོངས་སུ་ཆགས་མེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་མེད་པ་བཅས་མཐོང་ཐུབ་པ་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་འཚོག་རྒྱུ་དེ་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ཀྱི་མཐོ་ཚད་ཐོག་ནས་ལྟ་སྟངས་ཡང་དག་འཛིན་དགོས། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་ལས་ཉམས་ཞན་དུ་གཏོང་མི་རུང་། བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་འཚོག་པའི་ཡིད་ཆེས་ངེས་པར་དུ་ཆེ་རུ་ཏན་ཏིག་བཏང་སྟེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས།
     2.མཛུབ་ཁྲིད་དགོངས་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོས་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲིད་སྐྱོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཀྲུང་གོའི་ས་གཞི་ཆེ་མོར་སློབ་གསོའི་རྩ་བ་བརྟན་པོ་འཛུགས་པ་དང་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ཀྱི་ལག་ལེན་ཕན་ཚུན་ཟུང་འབྲེལ་བྱས་ནས་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་སྒོ་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་མཁན་གྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་པ་དང་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས།
     3.གཞི་རྩའི་རྩ་དོན། གཅིག་ནི་ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང་། གཉིས་ནི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་དྲག་ཆས་སྤྲོས་རྒྱུ་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་ནང་འཇུག་པ་དང་། སློབ་ཁང་དུ་འཁྲིད་པ། སློབ་མའི་སེམས་ལ་ཟུག་པ་བཅས་བྱ་རྒྱུར་ཕྱོགས་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ། གསུམ་ནི་ཡང་དག་སྒྲིག་ལམ་སྲུང་བ་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་ཚན་སྒྱུར་བཅོས་གསར་གཏོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཉམ་འདྲེས་ནུས་ཤུགས། དམིགས་སའི་རང་བཞིན་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པ། བཞི་ནི་སློབ་ཚན་མ་ལག་ཁྲོད་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་རིན་ཐང་གི་ཁྲིད་སྟོན་ནུས་པ་མཐའ་འཁྱོངས་བྱས་ནས་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྤྱི་འདོམས་བྱས་ཏེ་རིགས་ཁག་གི་སློབ་ཚན་དེ་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་མཉམ་སྒྲུབ་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་མཁན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དཔུང་ཁག་དེ་འཚར་ལོངས་གོང་འཕེལ་ཡོང་བར་ལས་སྟེགས་སྐྲུན་པ་དང་མཐུན་རྐྱེན་ཧུར་ཐག་གཏོད་དགོས་པ། དྲུག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཀྱི་ཕྱོགས་སྟོན་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་མཐོང་ཆེན་བྱས་ནས་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་ཐོག་ཤེས་བྱ་དང་། བརྩེ་དུང་། འདོད་འདུན། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་དགོས།