འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་དུས་ཚིགས་17བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2019ལོའི་ལོ་སྟོད་དུ་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4009ཟིན་ནས་12.5%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ།
     བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་2019ལོ་ནས་2020ལོའི་བར་གྱི་ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཇུས་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱས་པ།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2019ལོའི་ལོ་སྟོད་དུ་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4009ཟིན་ནས་12.5%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་3.6གིས་མཐོ་བ་དང་དུས་ཚིགས་17བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།
     ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་ལྷག་པར་དུ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་མུ་མཐུད་མྱུར་པོ་འཕར་ཡོད། ལོ་སྟོད་དུ་བོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་681.69ཟིན་ནས་9.0%འཕར་ཏེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.7གྱིས་མཐོ་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་པ་རེད།
     ཞིང་འབྲོག་པས་བོད་ཀྱི་སྤྱིའི་མི་འབོར་གྱི་བཅུ་ཆ་བརྒྱད་ཡན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཆེས་ཆེར་འཕར་བ་ཕུད། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་2019ལོ་ནས་2020ལོའི་བར་གྱི་ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཇུས་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་ངལ་ནུས་གཉེར་སྐྱོང་པ་དང་ལས་མིའི་མཉམ་འབྲེལ་རུ་ཁག་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར་བྱེད་པའི་ཐད་ཚད་བརྒལ་ཆེན་པོ་བྱུང་ཞིང་། རྣམ་གྲངས་འཛུགས་སྐྲུན་བརྒྱུད་ཞིང་འབྲོག་པ་ཁྲི་19.3ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཆེས་ཆེར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ལོ་སྟོད་དུ་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་47.3%འཕར་ནས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆའི་གྲངས་12.8འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
     ཞིང་འབྲོག་པའི་ཡོང་འབབ་མྱུར་པོ་འཕར་ནས་འདི་ལོ་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆར་དབུལ་སྒྲོལ་བྱ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད། འབྲི་གཡག་དང་། ནས། གཏེར་ཆུ། མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་ཡུལ་བབ་དང་བསྟུན་ནས“རྫོང་རེར་སྤུས་རྟགས་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”བཏོད་པ་དང་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་འཛུགས་སྐྲུན་ཐད་ཕན་འབྲས་རགས་ཙམ་ཐོན་ནས་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཞིང་འབྲོག་པའི་ཡོང་འབབ་ཆེས་ཆེར་འཕར་ཡོད་པ་རེད།