འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།མཁའ་འགྲུལ་རོགས་སྐྱོབ་རྒྱུན་གཏན་གྱི་མྱུར་སྐྱོབ་ནང་ཐོག་མར་སྤྱད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་ཆུ་ཚོད་18ཙམ་ལ། ཆུ་ཚོད་1དང་སྐར་མ་50འཕུར་བསྐྱོད་བྱས་པ་བརྒྱུད། གཟུགས་པོའི་ཆ་ཤས་མང་པོར་རུས་ཆག་ཤོར་བ་དང་ཁྲག་དོན་ནས་དྲན་པ་ཐོར་བའི་ལོ་19ལ་སླེབས་པའི་ནད་པ་དེ“མཁའ་དབྱིངས་120”བརྒྱུད་དེ་གཟི་ཚ་སྡེ་དགུ་མཁའ་འགྲུལ་ནས་ཁྲེང་ཏུའུ་ཀང་ཐའེ་གནམ་གྲུ་ཤར་གཏོང་ཐོག་བརྩེགས་ཁང་ཆེན་དུ་བདེ་བླག་ངང་དབོར་བ་དང་། སྐར་མ་5ཡི་རྗེས་སུ་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་དུ་བསྐྱལ་ཏེ་ཛ་དྲག་གི་སྨན་བཅོས་བྱས་པ་རེད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ནི་སི་ཁྲོན་ཞིང་ཆེན་དུ་མཁའ་འགྲུལ་རོགས་སྐྱོབ་རྒྱུན་གཏན་གྱི་མྱུར་སྐྱོབ་ནང་སྤྱོད་ཐེངས་ཐོག་མ་ཡིན་པ་དེ་ཐོག་ནས་ཞིང་ཆེན་ནང་ཁུལ་གྱི་མཁའ་འགྲུལ་སྨན་བཅོས་མྱུར་སྐྱོབ་རིམ་བཞིན་རྒྱུན་རྣམ་ཅན་དུ་གྱུར་པ་མཚོན་ཡོད།
    “མཁའ་སྐྱོད་མྱུར་སྐྱོབ་ཀྱིས་དུས་ཚོད་ཧ་ཅང་ཐུང་དུ་བཏང་བ་དང་། ནད་པའི་གསོན་པོར་གནས་ཚད་ཆེ་རུ་བཏང་བ་མ་ཟད། དབང་སྐྱོན་དུ་གྱུར་ཚད་ཀྱང་དམའ་རུ་བཏང་ཡོད”ཅེས་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་མྱུར་སྐྱོབ་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན་དང་རྒྱལ་ཁབ(སི་ཁྲོན)དོད་དྲག་གསོ་རིག་མྱུར་སྐྱོབ་རུ་ཁག་གི་སྤྱི་ཁྱབ་མཐུན་སྤྱོར་བ་ཧོང་ལུའེ་ཡིས་བརྗོད།
     ཧོང་ལུའེ་ཡིས། ད་ཐེངས་ཀྱི་མཁའ་སྐྱོད་མྱུར་སྐྱོབ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གིས་སྣེ་ཁྲིད་ནས་བཙུགས་པའི་ཁྲེང་ཏུའུ་གྲོང་ཁྱེར་གྱི་མཁའ་སྐྱོད་གསོ་རིག་རོགས་སྐྱོབ་ལས་སྟེགས་ཞིང་ཆེན་ཡོངས་ལ་ཁྱབ་སྟེ་རྒྱུན་གཏན་གྱི་མྱུར་སྐྱོབ་ལས་འགན་ལ་རིམ་བཞིན་ཞབས་འདེགས་ཞུ་བཞིན་པ་མཚོན་ཡོད། མིག་སྔའི་མཁའ་སྐྱོད་མྱུར་སྐྱོབ་ལས་དོན་གྱི་ལམ་སྲོལ་དང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དེས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིཌ་ན། མིག་སྔར་ནད་པ་དེའི་ཚེ་སྲོག་བསྐྱབས་ཐུབ་པ་བྱུང་ཡང་། ནད་གཞི་སྔར་བཞིན་ཚབས་ཆེ་བས་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད།