འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།ཀྲུང་གོ་གསར་པའི་རྩེར་སོན་གྱི་མཛེས་རྩལ་བརྩམས་ཆོས་དང་རིག་དངོས་འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་བྱས་པའི“ཤར་ཕྱོགས་སུ་འགྱིང་ངེར་གནས —རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྩེར་སོན་གྱི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན”བྱས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ནང་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཀྲུང་གོ་གསར་པའི་མཛེས་རྩལ་བརྩམས་ཆོས་རྩེར་སོན་གཙོ་བོར་བྱས་པ་དང་། “ཀྲུང་གོ་གསར་པ་དབུ་བརྙེས་པ”དང་འབྲེལ་བ་དམ་ཟབ་ཡོད་པའི་རྩ་ཆེའི་རིག་དངོས་དང་ཚད་ལྡན་ཡིག་ཆ་དག་མཉམ་དུ་འགྲེམས་སྟོན་བྱས་ཡོད་པ་རེད། འགྲེམས་སྟོན་བྱ་ཡུལ་ནི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ལྟེ་བའི་ཚོམས་ཆེན་དང་པོ་དང་ཚོམས་ཆེན་ནུབ་མ་གཉིས་ཡིན་ཞིང་། དེའི་ནང་ལྟེ་བའི་ཚོམས་ཆེན་དང་པོར་རི་མོའི་བརྩམས་ཆོས་13དང་རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི“ཀྲུང་གོ་གསར་པ་དབུ་བརྙེས་པའི”འབྲེལ་ཡོད་འགྲེམས་སྟོན་དངོས་རྫས་20ལྷག་ཙམ་ཡོད་པ་དང་། ཚོགས་ཆེན་ནུབ་མར་རི་མོའི་བརྩམས་ཆོས་15དང་འཇིམ་བརྐོས་41འགྲེམས་སྟོན་བྱས་ཡོད་པ་དེ་དག་དུས་ཡུན་ཟླ་བ་3རིང་འགྲེམས་སྟོན་བྱ་རྒྱུ་རེད།
     1949ལོའི་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེ་མོའི་སྐབས་བསྒྲེངས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐར་ལྔའི་དར་དམར་ཐོག་མ་དང་། མའོ་ཙེ་ཏུང་གིས་སྤྱོད་མྱོང་བའི་སྐད་སྦུག མཛད་སྒོ་ཆེ་མོའི་སྐབས་སྤྱད་པའི་རྟེན་འབྲེལ་མེ་སྒྱོགས། གནམ་བདེ་སྒོ་མོ་ཆེའི་སྟེང་དུ་བསྐལ་བའི་ལྒང་ཞུ་སོགས་དང་། དེ་བཞིན་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་དང་འབྲེལ་བ་ཡོད་པའི་རྩ་ཆེའི་རིག་དངོས་དང་ཚད་ལྡན་ཡིག་ཆ་24 རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེ་མོའི་སྐབས་ཀྱི་སྒྲ་བརྙན་དཔྱད་གཞིའི་ཡིག་ཆ་སོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་ཀྱི་ལོ་རྒྱུས་དུས་མཚམས་གསོན་ཉམས་ལྡན་པའི་སྒོ་ནས་བདེན་དཔང་བྱས་ཡོད།