འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎ཤང་ཀང་དུ་སྡོད་པའི་ཕྱི་འབྲེལ་པུའི་ཀུང་ཧྲུའུ་ཡིས་ཨ་རིའི་འབྲེལ་ཡོད་སྲིད་ཚོང་པས་ངན་པའི་རྒྱབ་ལངས་བྱས་ཡོད་ཅིང་། 
ཁོ་ཚོ་ནི་གཏུམ་སྤྱོད་ཉེས་གསོག་པའི་རྒྱབ་ཀྱི་ལྐོག་ཇུས་འགོད་མཁན་ཡིན་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་དང་གྲོས་མི་ལུའུ་པི་ཨའོ་སོགས་ཀྱིས“ཤང་ཀང་གི་ཉེན་རྟོག་པས་དྲག་ཤུགས་སྤྱོད་པ་དང་རྔམ་སྟོན་པ་གཏུམ་སྤྱོད་ཉེས་ཅན་ལ་ངོས་བཟུང་བ་ནི་ཧང་སངས་དགོས་པ་ཞིག་རེད”ཅེས་པ་དང་། “དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྲོལ་ཡིག་བཟོ་བཅོས་བྱེད་པ་ཕྱིར་འཐེན་པ་དང་ཉེན་རྟོག་པས་དྲག་ཤུགས་སྤྱོད་མཚམས་འཇོག་པར་སྐུལ་བ་”སོགས་ཀྱི་གཏམ་འཆལ་སྤེལ་བར་དམིགས་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྡོད་པའི་ཕྱི་འབྲེལ་པུའི་ཆེད་མངགས་ཀུང་ཧྲུའུ་ཡི་མགྲིན་ཚབ་པས་ཨ་རིའི་འབྲེལ་ཡོད་གྲོས་མིས་ཡིན་མིན་མཉམ་བསྲེས་དང་། དཀར་ནག་གོ་ལྡོག གཏུམ་སྤྱོད་ཉེས་གསོག་ལ་ངན་སྐུལ་བཅས་བྱས་པས། ཁོ་ཚོས་རང་ཉིད་ཀྱི་གཏམ་སྤྱོད་ཐོག་ནས་ཁོང་ཚོ་ནི་ཐལ་སྐྱོད་གཏུམ་སྤྱོད་པའི་རྒྱབ་ཀྱི་ལྐོག་ཇུས་འགོད་མཁན་ཡིན་པ་མཚོན་ཡོད་ཅེས་བཤད་པ་རེད།
    མགྲིན་ཚབ་པས། ཉེ་དུས་ཤང་ཀང་དུ་གཏུམ་སྤྱོད་ཉེས་གསོག་རྒྱུན་ཆད་མེད་པར་བྱུང་བ་དང་། མི་ངན་གདུག་རྩུབ་ཅན་ཚོས་ཐལ་སྐྱོད་ཀྱི་བྱ་ཐབས་སྤྱད་དེ་གནམ་ཐང་བེད་མེད་དུ་བཟོས་པ་དང་། རྡུང་བ་དང་གཅོག་པ། མེ་རྒྱག་པ། ཉེན་རྟོག་ཧྲུའུ་ལ་བསྐོར་རྒོལ་བྱས་པ། གདུག་རྩུབ་ཆེན་པོའི་སྒོ་ནས་ཉེན་རྟོག་པའི་མཛུབ་མོར་སོ་བཏབ་ནས་བཅད་པ་དང་། མངོན་སུམ་འཛེམ་མེད་ངང་ཉེན་རྟོག་ཧྲུའུ་ལ་རླངས་སྣུམ་འབར་མདེལ་དབྱུགས་ནས་ཉེན་རྟོག་པར་རྨས་སྐྱོན་ཚབས་ཆེན་བཟོས་པ་མ་ཟད། ཐ་ན་ཁ་ཚད་ཆེ་ཞིང་ཤུགས་ཆེ་བའི་ཚ་ཁ་སྒྲིག་ཆས་སྤྱད་དེ་ཉེན་རྟོག་པར་འཇབ་རྒོལ་ཡང་བྱས་པ་རེད། ཁ་སང་ད་དུང་མི་ངན་གདུག་རྩུབ་ཅན་གྱིས་ཁྲིམས་འགལ་ངང་འགྲུལ་པ་གཅིག་དང་གསར་འགོད་པ་གཅིག་ཚོད་འཛིན་བྱས་ཤིང་གང་འདོད་ཀྱིས་བསྐོར་རྡུང་བྱས་པ་དང་། གཏུམ་སྤྱོད་ཀྱིས་ཉེན་རྟོག་པའི་ཁྲིམས་བསྟར་ལ་འགོག་རྒོལ་བྱས་པ། ཉེན་རྟོག་པ་བསྐོར་རྡུང་བྱས་པ། ཉེན་རྟོག་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་བཀག་འགོག་བྱས་པ་བཅས་ཀྱི་ཐལ་སྐྱོད་བྱ་སྤྱོད་ཐོན་ཡོད་པ་རེད། མི་གཤིས་མེད་པ་དང་ཁོང་ཁྲོ་ལངས་ངེས་པ། ནག་ཉེས་བརྗོད་དུ་མི་ལངས་བའི་ཐལ་སྐྱོད་གཏུམ་སྤྱོད་འདི་དག་ནི་གཏུམ་སྤྱོད་ཉེས་གསོག་མིན་ན་གང་རེད། དོན་དངོས་ཀྱི་མདུན་དུ་ཨ་རིའི་འབྲེལ་ཡོད་སྲིད་ཚོང་པས་ད་དུང་ཉེས་ཁག་ཚུར་འགེལ་བྱས་ནས། “ཉེན་རྟོག་པས་དྲག་ཤུགས་སྤྱོད་མི་ཆོག་”ཅེས་པའི་བླང་བྱ་བཏོན་པ་རེད། ཁྱོད་ཚོར་ད་དུང་མ་མཐའི་སྐྱེས་ཐོབ་ཀྱི་ཤེས་རབ་དང་ཡིན་མིན་གྱི་ལྟ་བ་ཡོད་དམ། གལ་ཏེ་ཁྱོད་ཚོས་འདི་ལྟར་ངན་པའི་རྒྱབ་ལངས་བྱས་པ་དེ་ད་དུང་གཏུམ་སྤྱོད་ཉེས་གསོག་པའི་རྒྱབ་ཀྱི་ལྐོག་ཇུས་འགོད་མཁན་ལ་མི་བརྩི་ན། དེ་ནི་སུ་ཞིག་ཡིན་ནམ།
   མགྲིན་ཚབ་པས་བཅའ་ཁྲིམས་དང་ཀུན་སྤྱོད། མི་གཤིས་ཀྱི་མཐའ་ཚད་ལས་འགལ་བའི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་དེ་དག་གི་མདུན་དུ། ཨ་རིའི་སྲིད་ཚོང་པས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་ཁོ་ནའི་ཆེད་དུ་འཛེམ་བག་མེད་པར་ཐལ་སྐྱོད་གཏུམ་སྤྱོད་མི་སྣའི་སྲུང་གདུགས་དང་མགྲིན་ཚབ་པ་བྱས་ཏེ། དཀར་སེམས་ནག་སྒྲིབ་ཀྱིས་སྔར་མེད་ཀྱི་གནོན་ཤུགས་འོག་སྔར་བཞིན་བཟོད་སྒོམ་དང་ཆེད་ལས་སྒོས་ཁྲིམས་བསྟར་བྱེད་བཞིན་པའི་ཤང་ཀང་གི་ཉེན་རྟོག་རུ་ཁག་ལ་དམའ་འབེབས་བཏང་ཡོད་པས། སྤུན་ཟླ་ཤང་ཀང་བ་ཁྲི་700ཚུད་པའི་ཀྲུང་གོའི་མི་དམངས་ཀྱིས་མགྲིན་གཅིག་ཏུ་རྒོལ་གཏམ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
    མགྲིན་ཚབ་པས་ནན་བཤད་བྱས་དོན། གནམ་ས་ལྷང་ངེ་བར་དུ་རང་བྱུང་གནས་ལུགས་གསལ་པོར་གནས་ལ། རྒྱུ་འབྲས་ཀྱི་དྲ་བར་མི་ངན་འཆོར་བའི་སྲུབས་ཀ་མེད། ཀྲུང་གོ་ལ་ངོ་རྒོལ་བྱེད་པ་དང་ཤང་ཀང་ཟིང་ཟིང་བཟོ་མཁན་གྱིས་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་དང་། ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་སྙིང་སྟོབས་དང་ནུས་པར་སྣང་ཆུང་གཏན་ནས་བྱེད་མི་རུང་། བཙན་དབང་རིང་ལུགས་པས་མི་གཞན་གྱི་མངའ་ཁོངས་སུ་རང་སྣང་གང་ཤར་གྱིས་ལས་ངན་སྒྲུབ་ན་རིན་དོད་ཆེན་པོ་འཇལ་ངེས་རེད། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གང་ཞིག་ཡིན་རུང་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་ངེས་རེད།