འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎ཀྲེ་ཅང་ཉིང་པོ་ཡུས་ཡའོ་གྲོང་ཁྱེར་ཧེང་ཁེན་ཐོའུ་གྲོང་ཚོའི་གྲོང་མི་ཚོའི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ■ གྲོང་གསེབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་གཏོང་བར། གཞི་རིམ་ཏང་རྩ་འཛུགས་ངེས་པར་དུ་སྲ་བརྟན་ཡིན་དགོས་ལ་ཏང་ཡོན་དཔུང་ཁག་གི་བྱང་ཚད་ངེས་པར་དུ་མཐོ་པོ་ཡོད་དགོས། ཁྱོད་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཐོག གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་དང་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཡུལ་མི་ཚོ་དང་མཉམ་དུ་ཡང་འབད་བསྐྱར་འབད་དང་དཀའ་སྤྱད་དངོས་སྒྲུབ་བྱེད་པ་དང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། འབྱོར་ཕྱུག་དང་། ཤེས་དཔལ། སྡོད་མལ་ལ་འཚམ་པ་བཅས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས། གྲོང་མི་ཚོའི་འཚོ་བ་རིམ་བཞིན་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད།
     —— ཞི་ཅིན་ཕིང་གིས།
     2003ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྐབས་དེའི་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་སི་མིང་རི་བོའི་གསར་བརྗེའི་ཁུལ་རྙིང་ལ་རྟོག་ཞིབ་གནང་ཞིང་། ཁོང་ལེང་ནུང་གྲོང་རྡལ་དང་ཧེང་ཁེན་ཐོའུ་གྲོང་ཚོར་ཆེད་མངགས་ཕེབས་ནས་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། ད་དུང་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་ནས། “རྒྱལ་ཡོངས་གསར་བརྗེའི་ཁུལ་རྙིང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དཔེ་མཚོན་གྲོང་རྡལ”འཛུགས་རྒྱུའི་ཐུགས་རེ་ཟབ་མོ་ཡང་བཏོན་གནང་བ་རེད། དེ་རྗེས་མི་རིང་བར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བློ་མཐུན་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལས་ཀའི་འཆར་གཞི་སྙན་སེང་ཞུས་པར་མྱུར་དུ་འཕྲིན་ལན་འབྱོར་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་ཁོང་ཚོར་ཁུལ་རྙིང་གསར་སྤེལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་སྐུལ་ལྕག་གནང་བ་རེད།
     2018ལོའི་ཟླ་གཉིས་པར། ཧེང་ཁེན་ཐོའུ་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་གྲོང་ཚོའི་འཕེལ་རྒྱས་སྙན་སེང་ཞུས་པར། “ལོ་15གོང་ཁྱེད་ཚོའི་གྲོང་ཚོར་བསྐྱོད་པའི་གནས་ཚུལ་ངས་ད་དུང་དྲན་གྱི་འདུག ངས་ཁྱེད་ཚོ་ཡུལ་མི་རྣམས་ནམ་ཡང་སེམས་ལ་བཞག་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བ་རེད།
     ལོ་15ནང་སྔ་རྗེས་སུ་འཕྲིན་ལན་གཉིས་སྤྲིངས་གནང་བའི་སྐོར་གླེང་སྐབས་ཧེང་ཁེན་ཐོའུ་གྲོང་ཚོའི་གྲོང་མི་ཚོ་སེམས་འགུལ་མི་ཐེབས་མཁན་གཅིག་ཀྱང་མེད།
     “ཀློག་ཐེངས་རེ་རེར་ངའི་སེམས་པ་དྲོ་སོབ་སོབ་བྱེད་ཀྱི་འདུག”
     “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཀློག་ཐེངས་རེ་རེར་ངའི་སེམས་པ་དྲོ་སོབ་སོབ་བྱེད་ཀྱི་འདུག” ལོ་73ལ་སླེབས་པའི་ཏང་ཡོན་རྒན་གྲས་ཧོང་ཀྲི་ཡའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དཔར་མར་ལྟ་བཞིན་དེ་ལྟར་བརྗོད།
     ཧེང་ཁེན་ཐོའུ་གྲོང་ཚོའི་གསར་བརྗེའི་ཐོན་ཁུངས་དམིགས་བསལ་ལྡན་ཡོད། ཀྲེ་ཅང་ཤར་རྒྱུད་ཀྱི་རི་འགོག་རྟེན་གཞིའི་ཁུལ་ནི་རྒྱལ་ཡོངས་ཀྱི་རྟེན་གཞིའི་ཁུལ་19ཡི་གྲས་ཤིག་ཡིན་ལ། ཧེང་ཁེན་ཐོའུ་གྲོང་ཚོ་ནི་རྟེན་གཞིའི་ཁུལ་དེའི་ལྟེ་གནས་ཡིན་ཡང་། ཧོང་ཀྲི་ཡའོ་ཡིས་དེའི་སྐབས་ཀྱི་ལས་ཀའི་ཟིན་ཐོ་བླངས་ནས་བལྟས་པར“2000ལོ་ནས་2004ལོའི་བར་ཆ་སྙོམས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་2ཡས་མས་ལས་མེད་པ་རེད”
     “བློ་མཐུན་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་རིང་གི་བླང་བྱ་དོན་འཁྱོལ་བྱ་ཆེད། 2003ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རྗེས་ཀྱི་ལས་ཀའི་ཉིན་དང་པོར། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱིས་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་རྗེས་བློ་མཐུན་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་ཡིན” བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་གསུམ་གྱི་རྗེས་སུ་ཁོང་གིས་ང་ཚོར་འཕྲིན་ལན་གནང་སོང་ཞེས་ཧེང་ཁེན་ཐོའུ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེ་ཚན་གྱིས་བརྗོད།
     སྐབས་དེར། གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་ཇེ་ཆེར་འཕྱུར་བཞིན་ཡོད་ལ། 《2004—2010ལོའི་བར་གྱི་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་རྩ་གནད》ཀྱང་བཏོན་པ་རེད། “ཕྱིར་མིག་ཅིག་བལྟས་ཚེ། ང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ཐོག་རང་ས་གནས་ཀྱི་ལེགས་ཆར་གཞི་བཙུགས་ནས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་པ་དང་། གོང་རིམ་གྱི་རྒྱབ་སྐྱོར་འོག གནས་རྙིང་ཚོམ་བུར་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་པ་ཡིན” སྐབས་དེར་གནས་རྙིང་ཚོམ་བུར་དུད་ཚང་27ཡོད་ཅེས་ཀྲང་ཀྲེ་ཚན་གྱིས་བརྗོད།
     སྐབས་དེར་ཧོང་ཀྲི་ཡའོ་ཡི་ཁྱིམ་ཚང་ཡང་གནས་རྙིང་ཁྲོད་དུ་ཡོད་པས། ཁོང་གིས་ཀུན་གྱི་སྣེ་འཁྲིད་དེ་གནས་སྤོའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་མ་ཟད། ད་དུང་གྲོང་ཚོའི་ལས་བྱེད་པར་དུད་ཚང་གཞན་དག་ལ་སྐུལ་སློང་བྱེད་རོགས་བྱས་པ་རེད། “རྟག་པར་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་བརྗོད་ཀྱི་འདུག བྱ་སྤྱོད་དངོས་མ་སྤེལ་ཚེ་ཏང་ཡོན་ཇི་ལྟར་བྱེད”
     གནས་རྙིང་ཚོམ་བུ་ཉམས་གསོ་བྱས་པ་དང་ཆབས་ཅིག ཡུལ་སྐོར་བའི་ལྟེ་གནས་བསྐྲུན་ནས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས། ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ནས། ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་70ལས་བརྒལ་ཡོད་པ་རེད།
     མང་ཚོགས་ལ་མིག་དཔེ་སྟོན་པ་དང་། མང་ཚོགས་ལ་སྣེ་ཁྲིད་བྱེད་པ།
     གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཞབས་ཞུ་རྗེས་ཟིན་པ་དགོས་པས། གྲོང་ཚོ་ནས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ། ཤིང་འབྲས་འཐུ་བ་དང་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་རྒྱུའི་བསམ་བློ་བཏང་། ཀྲང་ཀྲེ་ཚན་གྱིས་ཉིང་པོ་དང་ཧང་ཀྲོའུ་རུ་བསྐྱོད་དེ་ཞིང་ལས་རིགས་གཅིག་མཁས་ཅན་ས་ཆ་དངོས་སུ་རྟོག་ཞིབ་བྱེད་པར་གདན་འདྲེན་ཞུས་པས། ཧེང་ཁེན་ཐོའུ་ཡི་གནམ་གཤིས་དང་ས་རྒྱུར་སེའུ་སྡོང་བཏབ་ན་འཚམ་པོ་ཡོད་པའི་སྐོར་བཤད། སྐད་འཛེར་འཛེར་བར་གྲོང་མིར་སྐུལ་སློང་བྱས་ཀྱང་ཚང་མས་ལོ་ཉེས་བྱུང་དོགས་ཀྱི་སེམས་ཁྲལ་བྱས།
     མང་ཚོགས་ལ་མིག་དཔེ་སྟོན་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས། ས་གནས་དེ་གའི་ཁེ་ལས་ཀྱི་ཁ་གཏད་རོགས་སྐྱོར་མ་དངུལ་སྤྱད་དེ་གྲོང་ཚོ་ནས་ས་ཞིང་མུའུ་70ལྷག་བརྒྱུད་བཤུག་བྱས་ནས། སེའུའི་སྡོང་ཕྲུག་བཏབ།
     ལོ་གསུམ་རེར་སེའུར་འབྲས་བུ་ཐོགས་ཀྱི་ཡོད་པ་དང་། གོང་གི་ལོ་གཉིས་ནང་གྲོང་ཚོའི་ལས་བྱེད་པ་ཚོ་སེམས་རྣལ་དུ་ཕབ་ཐབས་མ་བྱུང་མོད། ལོ་གསུམ་པར་སེའུར་ཐོན་ལེགས་ཆེན་པོ་བྱུང་ནས། གྲོང་ཚོའི་ཕྱི་ནང་གང་སར་སེའུ་འཐུ་བར་ཡོང་མཁན་གྱི་སྒེར་འཁོར་གྱིས་ཁེངས། གྲོང་མི་རྣམས་ཀྱི་ཡིད་ཆེས་ཐོབ་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ལྕགས་ཚ་ཐོག་ལ་བརྡུང་ཟེར་བའི་དཔེ་ལྟར་སེའུའི་སྡོང་ཕྲུག་རིན་མེད་དུ་སྤྲད་པ་དང་། ད་ཆ་གྲོང་ཚོ་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་800ལྷག་ཙམ་ཟིན་ཡོད།
     གྲོང་མི་ཚོར་ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་རྒྱུའི་སྐུལ་སློང་བྱེད་སྐབས། ཀྲང་ཀྲེ་ཚན་གྱིས་ཧོང་ཕེང་ཞུན་སེམས་ལ་འཁོར་བ་སྟེ། གཅིག་ནས་ཁོང་ནི་ཏང་ཡོན་རྒན་གྲས་ཡིན་པ་གང་ཞིག་ན་སོ་གཞོན་དུས་གྲོང་ཚོའི་ལས་བྱེད་པ་བྱེད་མྱོང་ཡོད་པ་དང་། གཉིས་ནས་ཁོང་གི་བཟའ་ཟླ་ཧྲང་ཧའེ་ཡི་གཞོན་ནུ་ཤེས་ཡོན་ཅན་ཡིན་པ་གང་ཞིག་སྐབས་དེ་དུས་ཀུང་ཧྲེའི་ཏན་ཞིམ་ཚོང་ཁང་དུ་ལས་ཀ་བྱེད་མྱོང་ཡོད་པ་དང་། རྗེས་སུ་གྲོང་རྡལ་དུ་ཟ་ཁང་བཙུགས་མྱོང་ཡོད།
     “གྲོང་ཚོར་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་། ཡུལ་སྐོར་བ་ཡོང་ན་ཟ་མ་ཟ་ངེས་པས། རང་གྲོང་ཚོར་ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་པར་ལོག་ཤོག རང་གི་བཟའ་ཟླའི་ལག་རྩལ་ཡག་ཐག་ཆོད་ཡིན་པས། འབར་རྒྱུ་རང་རེད”ཅེས་ཀྲང་ཀྲེ་ཚན་ཉིང་པོ་རུ་ཐེངས་དང་པོ་སྐྱོད་སྐབས་བཟོ་གྲྭར་གླ་པ་རྒྱུག་བཞིན་པའི་ཧོང་ཕེང་ཞུན་བཙལ་ནས་དེ་ལྟར་བརྗོད།
     ཉིང་པོ་ཡི་ལས་ཀ་བཞག་ནས་གྲོང་ཚོར་ལས་གཏོད་བྱེད་པར་ལོག་དགོས་རེད་དམ་ཞེས་ཧོང་ཕེང་ཞུན་གྱིས་བསམ་བློ་ཙམ་ཡང་མི་བཏང་བར་ཁས་བླངས་མེད།
     དུས་ཡུན་ལོ་གཅིག་འདས་རྗེས་སུ་ཀྲང་ཀྲེ་ཚན་ཉིང་པོ་རུ་ཐེངས་གཉིས་པ་སྐྱོད་སྐབས“གནས་རྙིང་ཚོམ་བུའི་དུས་ཐེངས་དང་པོའི་ལས་གྲྭ་མཇུག་འགྲིལ་གྲབས་ཡོད་པ་དང་། ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད་སྲིད”ཅེས་ཧོང་ཕེང་ཞུན་བཙལ་ནས་བརྗོད།
     སྐབས་དེར་ཧོང་ཕེང་ཞུན་བསམ་བློར་གཡོ་འགུལ་ཐེབས་མོད། ཁ་གྲགས་མེད།
     དེ་རྗེས་སུ་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བ་མཐོང་སྐབས། ཧོང་ཕེང་ཞུན་རང་འགུལ་ངང་གྲོང་ཚོར་ལོག
     ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱེད་མཁན་གྱི་གཞོན་ནུ་ཇེ་མང་དུ་ཕྱིན་པ།
     “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང‘འབྱོར་ཕྱུག་དང་། ཤེས་དཔལ། སྡོད་མལ་ལ་འཚམ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་བསྐྲུན་ནས། ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་གཏོང་དགོས་པའི’བླང་བྱ་བཏོན་གནང་ཡོད། གཞོན་ནུ་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོར་གཞན་ལ་དཀྲིས་ཐབས་བྲལ་བའི་འགན་འཁྲི་ཡོད”ན་ནིང་ཟླ་བརྒྱད་པར“ལོ་རབས་90ནང་སྐྱེས”པའི་སློབ་གྲྭ་ཆེ་མོ་བ་ཧོང་ཞུས་ཅེའི“ཧེང་ཁེན་ཐོའུ་ཡི་ཞིང་ཁྱིམ”གྱི་ཚོང་འགོ་ཚུགས་པ་དང་། མ་རྩ་སྒོར་ཁྲི་130བཏང་ནས་དུས་གཅིག་ལ་མི་300ལྷག་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། “ནང་གི་ལྡེབས་རིས་དང་། ལྒང་བཞུ། ཟས་སྣོད། དེ་བཞིན་གློག་བརྙན་དང་བཅས་པ་ཚང་མར་གསར་བརྗེའི་གཞི་རྒྱུ་འདྲེས་ཡོད”
     “ལོ་གཉིས་ནང་ཡོང་འབབ་ཡོང་ངེས་རེད”ཅེས་ཧོང་ཞུས་ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད། ཁོ་མོས་བཟའ་འཐུང་ལས་རིགས་གཉེར་བར་རྒྱུས་མངའ་ཡོད་དེ། སློང་གྲྭ་ནས་སྦྱངས་པའི་ཆེད་ལས་བཟོ་ཚོང་དོ་དམ་ཡིན་པ་དང་། སློབ་གྲྭ་ཐོན་རྗེས་སུ་ཡུས་ཡའོ་གྲོང་ཁུལ་དུ་ལས་གཏོད་བྱས་ཏེ་སྟབས་བདེའི་ཟ་ཁང་གསུམ་གྱི་ཚོང་ཧ་ཅང་རྒྱུག་པོ་ཡོད།
     ཧེང་ཁེན་ཐོའུ་རུ་ལོག་མཁན་གྱི་གཞོན་ནུ་ཇེ་མང་དུ་སོང་ཞིང་། ཀྲང་ཀྲེ་ཚན་གྱིས་རགས་རྩིས་བརྒྱབ་པར་མི་20ལྷག་ཡོད།
     “ལོ་དེ་དག་རིང་དུ་གྲོང་ཚོར་སྣུམ་ནག་ལམ་བུ་བཏིང་བ་དང་། ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པས་སེའུ་འདེབས་པ་དང་དམངས་གཉེར་མགྲོན་ཁང་གཉེར་བ་མ་ཟད། ད་དུང་རྒྱལ་ཡོངས་ཤེས་དཔལ་གྲོང་ཚོར་བདམས་པ་སོགས་རེད”ཅེས་ཀྲང་ཡོན་ཧན་གྱི་རང་ཉིད་ཀྱི་གདམ་གར་ཡིད་ཆེས་ཆེན་པོ་བྱེད་བཞིན་བརྗོད། ཡང་ཁོང་གིས། “གྲོང་གསེབ་དར་རྒྱས་གཏོང་བར་བརྩེ་སེམས་ཡོད་པ་དང་། ཕུགས་བསམ་ཡོད་པ། ཤེས་ཡོན་ལྡན་པའི་གཞོན་ནུས་མུ་མཐུད་འབད་འཐབ་བྱེད་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཧེང་ཁེན་ཐོའུ་རུ་ཕེབས་ནས། ང་ཚོའི་མཛེས་སྡུག་ལྡན་པའི་རི་གྲོང་གི་འགྱུར་ལྡོག་གསར་པར་གཟིགས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།