འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎2019ལོའི་རྐང་ཐང་མར་ཀྲུང་གོ་སྐོར་བ། 
ཚྭ་འདམ་གཤོང་ས་སྒྲོལ་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། 2019ལོའི་རྐང་ཐང་མར་ཀྲུང་གོ་སྐོར་བ་སྟེ། ཚྭ་འདམ་གཤོང་ས་སྒྲོལ་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་མཇུག་འགྲིལ་བ་དང་། འདི་ནི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོཌ་གཏེར་ལེན་ཁ་དང་ཚྭ་འདམ་གཤོང་སར་གཉེར་ཐེངས་དང་པོ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཕྱི་རོལ་ལུས་རྩལ་ལ་དགའ་པོ་ཡོད་མཁན་200ལྷག་ཙམ་ཞུགས་ཡོད་པ་རེད།
     ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་3ཡིན་པ་དང་། ཉིན་དང་པོའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་25ཟིན་པ་སྟེ་། ཁེ་ལུ་ཁེ་མཚོ་སྲུང་སྐྱོང་ཁུལ་ཞིབ་བཤེར་ས་ཚིགས་ནས་ཐོན་ཏེ། ཏན་ཞ་གྲོག་རོང་མཛེས་ལྗོངས་ཁུལ་བརྒྱུད་ཏན་ཞ་མཐོ་ལྕོགས་སྒར་སར་འབྱོར་བ་དང་། ཉིན་གཉིས་པའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་30ཟིན་པ་སྟེ། ཏན་ཞ་མཐོ་ལྕོགས་སྒར་ས་ནས་ཐོན་ཏེ་སུའོ་སུའོ་ནགས་ཁུལ་དང་གྲམ་ཐང་ནག་པོའི་ལམ་དུམ་བརྒྱུད་གྲམ་ཐང་ནག་པོའི་སྒར་སར་འབྱོར་བ། ཉིན་གསུམ་པའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་22ཟིན་པ་སྟེ། ཏན་ཞའི་རི་མདོ་ནས་རྫོང་ལམ་407བརྒྱུད་རྐང་ཐང་མར་སྐྱོད་འགོ་ཚུགས་ནས་ཚྭ་འདམ་གཤོང་སའི་ཏན་ཞའི་མཛེས་ལྗོངས་བརྒྱུད་མཐའ་ཚུགས་གྲམ་ཐང་ལམ་མདོར་འབྱོར་བ་བཅས་རེད།
     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཕྱི་རོལ་ལུས་རྩལ་པུའི་ཀྲུའུ་རེན་ཞུའེ་ཡུན་གྱིས་ངོ་སྤྲོད་བྱས་དོན། རྐང་ཐང་མའི་ལུས་རྩལ་ནི་གསོ་རླུང་ཡོད་པ་དང་། ཚན་རིག་དང་མཐུན་པ། བདེ་ཐང་བཅས་ཀྱི་ཕྱི་རོལ་ལུས་སྦྱོང་གི་རྣམ་གྲངས་ཤིག་རེད། ལུས་རྩལ་རྣམ་གྲངས་དེའི་ནང་ཞུགས་པའི་ཚད་གཞི་དམའ་བ་དང་མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་ལྡན་པས་དར་སྤེལ་ཤུགས་ཆེན་གཏོང་དགོས་ལ། རྐང་ཐང་མའི་བྱེད་སྒོ་གཞི་ཁྱོན་དེ་བས་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ད་ཐེངས་ཀྱི་བྱེད་སྒོས་མཚོ་སྔོན་ཞིང་ཆེན་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ངོམ་སྟོན་གང་ལེགས་བྱས་པ་དེས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དར་སྤེལ་གཏོང་བ་དང་། “ལུས་རྩལ་དང་། ཡུལ་སྐོར། རིག་གནས་བཅས་ཟུང་དུ་སྦྲེལ་བའི”ཡུལ་སྐོར་བྱེད་སྟངས་ནུས་ལྡན་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
     པེ་ཅིང་ནས་ཡོང་བའི་ཞུའེ་ཝེས“ང་རང་དེ་སྔ་ཀན་སུའུ་ཡི་རྐང་ཐང་མའི་ལུས་རྩལ་བྱེད་སྒོར་ཞུགས་མྱོང་ཡོད་ལ། ཀྲང་ཡེའི་ཏན་ཞའི་མཛེས་ལྗོངས་ཀྱང་མཐོང་མྱོང་ཡོད། ཡིན་ནའང་། ད་ཐེངས་ཚྭ་འདམ་གཤོང་སར་རྐང་ཐང་མར་བསྐྱོད་པ་དང་རང་ཉིད་དེ་སྔོན་བྱེད་སྒོར་ཞུགས་པ་དེ་སྔོན་ཆད་བསྐྱོད་མྱོང་བའི་ལམ་ཐིག་ཡོད་དོ་དང་འདྲ་གི་མི་འདུག འདི་ཁུལ་གྱི་ཏན་ཞའི་མཛེས་ལྗོངས་སྤྱི་ལེ་བཅུ་ཕྲག་ཁ་ཤས་མུ་འབྲེལ་དུ་འདུག་པས་མི་རྣམས་ཧང་སངས་དགོས་པ་ཞིག་འདུག ང་ཚོའི་ཉིན་དང་པོའི་སྒར་ས་ཏན་ཞའི་ཉེ་འགྲམ་དུ་ཡོད་པ་དང་། ངའི་གུར་གྱི་ཁ་སྤྲོད་ཀྱི་མཛེས་ལྗོངས་དེ་འདྲ་རེད་འདུག་པས་དངོས་གནས་ཡག་པོ་འདུག ཚོར་སྣང་སྐྱིད་པོ་དེ་འདྲ་ཡོང་མྱོང་མེད”ཅེས་གསར་འགོད་པར་བཤད།
     ད་ཐེངས་ཀྱི་འགྲན་བསྡུར་ནི་ཀྲུང་གོ་རི་འཛེག་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་དང་། མཚོ་སྔོན་ཞིང་ཆེན་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས། གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་། དུར་ལམ་རྫོང་མི་དམངས་སྲིད་གཞུང་། གཏེར་ལེན་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད།