འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎བོད་ལྗོངས་ནག་ཆུའི་འགྲན་ཟླ་བྲལ་བའི་རྟ་རྩལ་གྱི་སྟོན་མོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་2019ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གཏོང་འགོ་ཚུགས་ཤིང་། ནག་ཆུ་གྲོང་ཁྱེར་གྱི་རྫོང་ཁག་ནས་ཡོང་བའི་འབྲོག་པའི་འཐུས་མི་ཚོས་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རྟ་རྒྱུག་ཐང་དུ་འཛོམས་ནས་རྟ་རྩལ་གྱི་སྟོན་མོ་ གཟབ་རྒྱས་ཤིག་བཤམས་པ་རེད།
     འདི་ལོ་ལོ་38ལ་སླེབས་པའི་འབྲུག་ལྷ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འཐུས་མི་ཡིན་ཞིང་། གཟུགས་པོ་རིང་ལ་ཤ་སྐེམ་པ་དང་་ཕྱུ་པ་ནག་པོ་གྱོན་པ། ཕུ་ཐུང་སྐེད་པར་གཟེར་བ། རྐང་པར་ཇུར་རྟ་ཡུ་རིང་གྱོན་པ། རྟ་རྐྱང་པོ་ཞིག་བཞོན་པའི་ཁོང་གིས་རྟ་ཐོག་མདའ་འཕེན་གྱི་ཡང་རྩལ་ཡོངས་སུ་ངོམ།
     “ངས་ལོ་9ནས་བཟུང་རྟ་རྩལ་སྦྱངས་པ་ཡིན། དེ་སྔོན་རྟ་པ་རོབ་ཙམ་བྱེད་མྱོང་ཡོད”ཅེས་འབྲུག་ལྷས་བཤད། ཁོང་ནི་ཆུང་བྱིས་པའི་དུས་ནས་རྟ་ཐོག་ཏུ་འཚར་ལོངས་བྱུང་བ་དང་། རྟ་རྩལ་ངོམ་རྒྱུར་གདེང་ཚོད་ཆེན་པོ་ཡོད་པས། འགྲན་བསྡུར་མ་བྱས་གོང་ཆེད་མངགས་ནང་སྦྱོང་བྱས་མེད་པ་རེད།
     རྟ་ཐོག་ནས་མེ་མདའ་རྒྱག་པའི་འགྲན་བསྡུར་མཇུག་འགྲིལ་མ་ཐག རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་འགྲན་བསྡུར་འགོ་ཚུགས་ཤིང་། ཁ་བཏགས་རེ་རེ་བཞིན་རྟ་རྒྱུག་ཐང་དུ་བཞག་པ་དག་རྟ་པ་ཚོ་ཡང་ཤ་དོད་པོས་བསྒྲུགས་པར་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་རེད།
     མགོ་བོར་རས་སེར་པོ་དཀྲིས་ཏེ་རྟ་དཀར་པོ་བཞོན་པའི་ལོ་ཆུང་ཞིག་གིས་གཟུགས་པོ་རྟའི་གཞོགས་གཅིག་ནས་འཕྲེད་ལ་ཉལ་ཏེ་ལག་གཅིག་གིས་ས་སྟེང་གི་ཁ་བཏགས་གསུམ་བཞི་བསྒྲུགས་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
     “ཧང་སངས་སོང་། རྟ་རྩལ་འདི་འདྲ་མཐོང་བ་ཐེངས་དང་པོ་ཡིན་ལ། བོད་ལྗོངས་ནག་ཆུར་ཡང་ཡོང་ཐེངས་དང་པོ་ཡིན། མགོ་ཡུར་ཕྲན་ཙམ་འཁོར་གྱི་འདུག འོན་ཀྱང་ལྟད་མོ་ཆེ་བའི་རྟ་རྩལ་འདི་ལྟ་བུ་མཐོང་སྐབས་ཡོང་རིན་འདུག”ཅེས་ཐེན་ཅིན་ནས་ཡིན་པའི་ལྟད་མོ་བ་པའེ་ཀྲེ་པོ་ཡིས་བཤད།