འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་ཤང་ཀང་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ངན་པའི་ཐད་
གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་ཤང་ཀང་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ངན་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ཁོ་མོས་འབྲེལ་ཡོད་གཏམ་བརྗོད་ཀྱིས་དོན་དངོས་སྣང་མེད་དུ་བཏང་པ་དང་དཀར་ནག་གོ་ལྡོག་ནས་གནམ་འོག་ཟིང་འཁྲུག་ལངས་ན་ཅི་མ་རུང་སྙམ་གྱི་ཡོད་ཅེས་བརྗོད།
    གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་12ཉིན། ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་དང་། གྲོས་ཁང་གོང་མའི་གྲོས་མི་མའེ་ཁང་ནེར་དང་ལུའུ་པི་ཨའོ། གྲོས་ཁང་འོག་མའི་གྲོས་མི་ཡོ་ཧུའུ་སོགས་ཀྱིས་ཐི་ཐེ་བསྐུར་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཉེན་རྟོག་པས་དྲག་ཤུགས་སྤྱད་དེ་རྔམ་སྟོན་པར་དྲག་གནོན་བྱས་པར་སྐྱོན་བཙུགས་པ་མ་ཟད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་གི་དམངས་གཙོ་དང་རང་དབང་ལ་བསླད་སྐྱོན་བཏང་བ་རེད་ཅེས་གང་བྱུང་དུ་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
    ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱིས་ཤང་ཀང་དུ་ཐོན་བཞིན་པའི་གཏུམ་སྤྱོད་དོན་རྐྱེན་དེ་ཨ་རི་དང་འབྲེལ་བ་ཡོད་པ་ཁས་ལེན་གྱི་མེད་མོད། འོན་ཀྱང་གོང་གསལ་གྱི་ཨ་རིའི་གྲོས་མི་ཁག་གཅིག་གི་གཏམ་བརྗོད་ཀྱིས་མི་རྣམས་ལ་དཔང་རྟགས་ནུས་ལྡན་གསར་པ་མཁོ་འདོན་བྱས་ཡོད། ཁོ་ཚོས་དོན་དངོས་སྣང་མེད་དུ་བཏང་བ་དང་དཀར་ནག་གོ་ལྡོག་བྱས་ནས་གཏུམ་སྤྱོད་ཀྱི་ཉེས་གསོག་དེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྩོན་ལེན་བྱེད་པར་མཛེས་བཟོ་བྱས་པ་དང་། ཤང་ཀང་གི་ཉེན་རྟོག་པས་ཁྲིམས་ལྟར་ཁྲིམས་བསྟར་དང་། ཉེས་གསོག་ལ་རྡུང་རྡེག་བྱས་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་པ་དྲག་གནོན་དུ་འཁྱོག་བཤད་བྱས་པ་རེད། ཁོ་ཚོས་ད་དུང་ཤང་ཀང་གི་མང་ཚོགས་ངན་སྐུལ་བྱས་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་ལ་ཁ་གཏད་འཇལ་བཅུག་པ་རེད། ངོ་མ་གནམ་འོག་ཟིང་འཁྲུག་ལངས་ན་ཅི་མ་རུང་སྙམ་གྱི་ཡོད་ཅེས་བརྗོད།
    ཧྭ་ཁྲུན་ཡིང་གིས་“ཨ་རིར་གྲོས་མི་ལའང་ཁྲིམས་འཛུགས་མཁན་ཞེས་བརྗོད་ཀྱི་ཡོད། ང་ཚོས་ཨ་རིའི་གྲོས་མི་འདི་ཚོར་ཁྱོད་ཚོ་ཁྲིམས་འཛུགས་མཁན་ཡིན་ནམ་ཁྲིམས་འགལ་མཁན་ཡིན་ཞེས་འདྲི་འདོད་ཡོད། ང་ཚོས་ཁྱེད་ཚོར་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཁྱེད་ཚོར་ཤང་ཀང་གི་ལས་དོན་ཐད་མི་བཤད་དགུ་བཤད་བྱེད་པའི་དབང་ཆ་མེད་ལ་ཐོབ་ཐང་ཡང་མེད། ཁྱོད་ཚོས་རང་གི་དོན་དག་དོ་དམ་ཡག་པོ་བྱོས་དང་། ཤང་ཀང་ལ་ཁྱོད་ཚོས་སེམས་ཁུར་བྱེད་མི་དགོས་ཞེས་གཟབ་ནན་གྱི་སྒོ་ནས་ཐ་ཚིག་སྒྲོག་རྒྱུ་ཡིན”ཞེས་བཤད།