འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ལུའོ་པོ་ཚི་རྒྱལ་སྤྱིའི་གནམ་ཐང་གི་རིམ་སྤོར་བསྐྱར་སྐྲུན་
རྣམ་གྲངས་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ལི་པེ་རི་ཡར་སྐྱོད་པའི་འདི་ག་ཚགས་པར་གྱི་ཆེད་མངགས་གསར་འགོད་པ། ལུའེ་ཆང་།
    འདི་ནི་གནམ་ཐང་བབས་ཚུགས་གསར་པའི་གནམ་གྲུ་སྒུག་སའི་ཚོམས་ཆེན་དུ་གནམ་གྲུར་འཛེགས་བཞིན་པའི་འགྲུལ་པ་ཡིན་པ།
ཉེ་ཆར། ལི་པེ་རི་ཡའི་ལུའོ་པོ་ཚི་རྒྱལ་སྤྱིའི་གནམ་ཐང་གི་རིམ་སྤོར་བསྐྱར་སྐྲུན་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད། དེ་ནི་ཀྲུང་གོ་དང་ལི་པེ་རི་ཡའི་དབར་དང་མཉམ་ལས་གཉིས་ཕན་ཡོང་བ་བྱས་པའི་གྲུབ་འབྲས་གཞན་ཞིག་རེད། “ཞི་བདེའི་ཕུག་རོན”གྱི་བཟོ་དབྱིབས་ཀྱི་གནམ་ཐང་བབས་ཚུགས་གསར་པ་དང་། རྒྱ་ཆེ་ཞིང་དཀར་ཆ་དོད་པའི་གནམ་གྲུ་སྒུག་སའི་ཚོམས་ཆེན། ཆ་ལག་ཚང་བའི་སྒྲིག་བཀོད། ཁོད་སྙོམས་པའི་གནམ་གྲུ་འཕུར་ལམ་བཅས་ཀྱིས་ལི་པེ་རི་ཡའི་རྒྱལ་སྤྱིའི་གནམ་ཐང་གཅིག་པུ་དེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།
     ལུའོ་པོ་ཚི་རྒྱལ་སྤྱིའི་གནམ་ཐང་གི་རིམ་སྤོར་བསྐྱར་སྐྲུན་རྣམ་གྲངས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཆར་གཞི་ཆེན་པོ་བཅུའི་གཙོ་གནད་ལས་གྲྭའི་གྲས་ཤིག་རེད། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མ་དངུལ་བསྡུ་སྒྲིལ་བྱས་པ་དང་། ཀྲུང་གོའི་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་འཆར་འགོད་བྱས་པ་དང་ཆབས་ཅིག་སྐྲུན་འགན་ཡང་འཁུར་བ་རེད། དེ་ནི་ལི་པེ་རི་ཡའི“ལེགས་ཐོན་གཉིས”ཀྱི་དངུལ་བུན་འདུ་འགོད་ཐོག་མ་དེ་ཡིན་པ་དང་2016ལོའི་ཟླ་11པར་ལས་འགོ་བཙུགས་ཡོད།
     ཤོད་དགོས་པ་ཞིག་ནི་རྣམ་གྲངས་དེ་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་ལོ་རྒྱུས་ཐོག་གི་མ་དངུལ་བསྡུ་སྒྲིལ་བྱེད་མགྱོགས་ཤོས་རྣམ་གྲངས་གྲས་ཤིག་རེད། ལི་པེ་རི་ཡ་ཕྱོགས་ཀྱིས་རྣམ་གྲངས་ལས་འགོ་འཛུགས་སྐབས་རྣམ་གྲངས་འདི་ནི་ལི་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་མཉམ་དུ་བསྐྲུན་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དེས་ལི་པེ་རི་ཡས“དེང་རབས་ཅན་གསར་བརྗེས་ཀྱི”གོམ་སྟབས་གལ་ཆེན་ཞིག་སྤོ་བར་རོགས་རམ་བྱས་ཡོད་ཅེས་བསྔགས་བརྗོད་ཚད་མེད་བྱེད་མྱོང་ཡོད།
    ལུའོ་པོ་ཚི་རྒྱལ་སྤྱིའི་གནམ་ཐང་ལི་པེ་རི་ཡའི་རྒྱལ་ས་མོང་རོ་ཝི་ཡ་དང་བར་ཐག་སྤྱི་ལེ་56ཆོད་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་རིང་བསྐྲུན་པ་ཞིག་རེད། ལོ་མང་ཉམས་གསོ་མ་བྱས་པ་དང་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཐོག་ལོ་མང་གི་ནང་འཁྲུག་དང་ཨའེ་པོ་ལ་རིམས་ནད་ཀྱི་གནས་ཚུལ་བཅས་ཀྱིས་རྐྱེན་པས་མཁའ་འགྲུལ་ཀུང་སི་འགའ་ཞིག་གིས་འབབ་པའི་དུས་གཏན་གནམ་གྲུ་མེད་པ་བཟོས་ཡོད། ལི་པེ་རི་ཡའི་གནམ་ཐང་དོ་དམ་ཅུས་ཀྱི་ཏུང་ཧྲི་ཀྲང་མུའུ་ས·ཤང་ནུང་གིས་གནམ་ཐང་རིམ་སྤོར་བསྐྱར་སྐྲུན་བྱས་པ་དེས་རྒྱལ་ཁབ་ཀྱི་གཟུགས་བརྙན་ལེགས་སུ་ཆེན་པོ་ཕྱིན་པས། མཁའ་འགྲུལ་ཀུང་སི་དེ་བས་མང་བས་ལི་པེ་རི་ཡར་སྐྱོད་མཁན་དུས་གཏན་གནམ་གྲུ་སླར་ཡང་གཏོང་འགོ་འཛུགས་པ་དེས་མི་སྣ་འགྲོ་འོང་ལ་དེ་བས་སྟབས་བདེ་བསྐྲུན་རྒྱུ་དང་ལི་པེ་རི་ཡའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
    མོང་རོ་ཝི་ཡར“ཨ་ཧྥེ་རི་ཁའི་ཆར་པའི་གྲོང”ཞེས་པའི་མཚན་སྙན་ལྡན་པ་དང་ཆར་དུས་སྐབས་ཆར་པ་རྒྱུན་མི་ཆད་པར་བབས་པས་ལས་གྲྭ་ཨར་སྐྲུན་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། མྱུར་ཚད་ལ་སྐྱོན་མི་རྒྱག་པའི་ཆེད། ཀྲུང་གོའི་འཛུགས་སྐྲུན་པས་ཆེད་མངགས་ས་གནས་དེ་གའི་གནམ་གཤིས་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཆུ་འབུད་མདོང་ལམ་དང་སིམ་འགོག་སྒྲིག་བཀོད་མང་པོ་འཆར་འགོད་བྱས་ཡོད། རྣམ་གྲངས་ནང་ཡོངས་སུ་ཀྲུང་གོའི་ཚད་གཞི་སྤྱད་པ་མ་ཟད་འཆར་འགོད་དང་། ཉོ་སྒྲུབ། ཨར་སྐྲུན། གསོ་སྦྱོང་བཅས་བྱེད་རིང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྔོན་ཐོན་གྱི་ཨར་སྐྲུན་ཆ་འཕྲིན་གྱི་རྣམ་པ་དང་VRལག་རྩལ་བཀོལ་སྤྱོད་བྱས་ཡོད། ཀྲུང་གོའི་བཟོ་སྐྲུན་ཆེ་མོ་བའི་སྐད་ཆ་ལྟར་ན་གནམ་ཐང་དེའི་རིམ་སྤོར་བསྐྱར་སྐྲུན་ལས་གྲྭས“ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་སྟོབས་ཤུགས་དང་ཚན་རྩལ་གསར་གཏོད་ནུས་པ”མཚོན་གྱི་ཡོད་པ་རེད།
     གནམ་ཐང་བབས་ཚུགས་གསར་པ་དེ་ལི་པེ་རི་ཡ“དེང་རབས་ཅན”གྱི་ཕྱོགས་སུ་བསྐྱོད་པའི་མཚོན་བྱེད་དུ་གྱུར་ཡོད། དེར་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཙམ་ཡོད་པ་དེ་ནི་གནམ་ཐང་བབས་ཚུགས་རྙིང་པའི་ལྡབ་10རེད། ཆུ་འབུད་དང་། གློག་མཁོ་འདོན། འཕྲིན་གཏོང་། བཙོག་ཆུ་གཙང་གསིང་སོགས་ལེ་ལག་ཚང་བའི་མ་ལག་ཚུད་པ་དང་དེ་བཞིན་སྦྲེལ་མཐུད་འགྲོ་ལམ་དང་རླངས་འཁོར་འཇོག་ས་ཚུད་ཡོད། ཐད་ཀར་གྲུར་སྡོད་པའི་འགྲོ་ལུགས་གཉེར་ས་དང་། གནམ་གྲུ་སྒུག་སའི་ཚོམས་ཆེན། གནམ་གྲུ་ཐག་ཉེ་རིང་ལ་གཞིགས་པའི་འཛེགས་ས་བཅས་ཆ་ཚང་ཡོད་པ་ཕུད། ད་དུང་གློག་སྐས་དང་དེང་རབས་ཅན་གྱི་དཔྱ་ཁྲལ་ཆག་ཡང་ཚོང་ཁང་ཡང་ཡོད་པ་རེད།
     དེ་དང་ཆབས་ཅིག་རྣམ་གྲངས་དེས་ད་དུང་ལི་པེ་རི་ཡར་ལག་རྩལ་བྱང་ཆུབ་པའི་ལས་བཟོ་ཁག་གཅིག་གསོ་སྦྱོང་བྱས་ཡོད། ས་གནས་དེ་གའི་ལས་དོན་མི་སྣས་གློག་གཏོང་འཕྲུལ་འཁོར་བཀོལ་སྤྱོད་དང་། གནམ་གྲུར་འཛེགས་པའི་ཟམ་པ་བེད་སྤྱོད། བདེ་འཇགས་ཞིབ་བཤེར། ལམ་ཆས་མ་ལག་སྲུང་སྐྱོང་སོགས་གནམ་ཐང་གསར་པ་རང་ཚུགས་ངང་གཉེར་སྐྱོང་བྱེད་ཐུབ་ཀྱི་ཡོད་པ་རེད།