འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅།།འདི་ལོའི་ལོ་སྟོད་དུ་ཀྲུང་གོ་ནས་བྷོ་ཧེར་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་འབོར་དུས་མཚུངས་ལས་
ལྡབ་གཅིག་ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ས་ར་ཡེ་ཝོ་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་བྷོ་ཧེར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འདི་ལོའི་ལོ་སྟོད་ཀྱི་ཡུལ་སྐོར་བསྡོམས་རྩིས་སྙན་ཞུ་བཀྲམ་པའི་ནང་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཀྲུང་གོ་ནས་བྷོ་ཧེར་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་འབོར་མི་ཐེངས་ཁྲི་4.5ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་99%ཙམ་འཕར་ཡོད།
    སྙན་ཞུའི་ནང་བྷོ་ཧེར་དང་ཀྲུང་གོའི་དབར་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་སྤྱི་དམངས་ལ་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་གྲོས་མཐུན་གོ་ཆོད་པ་ནི་ཀྲུང་གོ་ནས་བྷོ་ཧེར་དུ་ཡུལ་སྐོར་ལ་བསྐྱོད་མཁན་མི་འབོར་མང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།
     2018ལོའི་ཟླ་5པར་ཀྲུང་གོ་དང་བྷོ་ཧེར་དབར་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་སྤྱི་དམངས་ལ་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་གྲོས་མཐུན་གོ་ཆོད་ཅིང་། གྲོས་མཐུན་གཞིར་བཟུང་རྒྱལ་ཁབ་གཉིས་པོའི་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་སྤྱི་དམངས་ཕར་ཕྱོགས་རྒྱལ་ཁབ་ཀྱི་ས་ཁོངས་སུ་འཛུལ་བ་དང་། སྒྲོལ་བ། སྡོད་པ། བརྒྱུད་པ་བཅས་བྱེད་སྐབས་ཉིན་180རེའི་ནང་དུས་ཚོད་རིང་ཤོས་ཉིན་90ལས་མ་བརྒལ་ན་ཐོངས་མཆན་འགོད་དགོས་ཀྱི་མེད།
    བྷོ་ཧེར་གྱིས་འདི་ལོ་ཐོག་མར་རྒྱ་ཡིག་གི་ཡུལ་སྐོར་ལམ་སྟོན་བཏོན་ནས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་བྷོ་ཧེར་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།