འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎གངས་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད།
བོད་ཀྱིས་གད་སྙིགས་རིགས་དབྱེ་ཚུར་བསྡུའི་བྱ་ཐབས་ཁྱབ་གདལ་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ལྗོངས་ལྷ་སའི་ཚོང་ར་ཆེན་པོ་ཞིག་ཏུ་གད་སྙིགས་རིགས་དབྱེའི་སྐར་མ་གསོག་པ་དང་ཚོང་ཟོག་བརྗེ་བའི་སྒོ་རྩིས་ཚོང་ཁང་ལས་གཉེར་བྱས་ནས་ཟླ་ཕྱེད་ལྷག་ཙམ་སོང་བ་དང་། གྲོང་མིས་བསྐྱལ་བའི་ཤོག་སྙིགས་ཏུན་3ལྷག་ཙམ་ཟིན་ཡོད་པ་རེད། དེ་གར་ལས་ཀ་བྱེད་བཞིན་པའི་འཇམ་དཔལ་ངག་དབང་གིས། མིག་སྔར་ཉིན་ལྟར་སྐད་ཆ་འདྲི་བར་ཡོང་མཁན་མང་ཚོགས་ཅུང་མང་པོ་འདུག གད་སྙིགས་ཚུར་བསྡུ་བ་ཕུད། ད་དུང་ང་ཚོའི་འགན་འཁྲི་གཙོ་བོ་ཞིག་ནི་ཉིན་ལྟར་སྡེ་ཁུལ་དུ་བསྐྱོད་ནས་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དེ་རེད་ཅེས་བཤད་བྱུང་།
     ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ལྷ་སའི་སྣོད་བཅུད་ཁོར་ཡུག་ཞན་པོ་ཡོད། གངས་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་། གད་སྙིགས་རིགས་དབྱེའི་སྐར་མ་གསོག་པ་དང་ཚོང་ཟོག་བརྗེ་བའི་སྒོ་རྩིས་ཚོང་ཁང་དེ་རིགས་ནི་ཚོད་ལྟ་གལ་ཆེན་ཞིག་རེད།
     སྒོ་རྩིས་ཚོང་ཁང་གིས་དམིགས་བསལ་གྱི་ཚོང་གཉེར་བྱེད་སྟངས་ལག་ལེན་བསྟར་བ་སྟེ། མང་ཚོགས་ཀྱིས་འགྱིག་དམ་དང་། ཤོག་སྙིགས། ལྕགས་རོ་སོགས་སྐར་མ་གསོག་པ་དང་། སྐར་མ་དེ་དག་གིས་བཟའ་སྣུམ་དང་། སོ་སྨན། ཡི་ཙི་སོགས་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་ཡོད་པ་རེད།
     སྒོ་རྩིས་ཚོང་ཁང་དེ་གར་མང་ཚོགས་ཀྱིས་ཚགས་པར་མཁོ་མེད་སྤྱི་རྒྱ་1སྐར་མ་8ལ་རྩིས་རྒྱག་པ་དང་། བེད་མེད་ཧ་ཡང་སྤྱི་རྒྱ་1གིས་སྐར་མ་68ལ་རྩིས་རྒྱག་གི་ཡོད། དེ་མཚུངས་ཀྱི་ཚོང་ཟོག་ནང་། ཚྭ་འགྱིག་ཤོག་གང་ལ་སྐར་མ་20དང་བཟའ་སྣུམ་འགྱིག་དམ་གང་ལ་སྐར་མ་370གསོག་དགོས་པ་དང་། མིག་སྔར་སྒོ་རྩིས་ཚོང་ཁང་ནང་ཚོང་ཟོག་སྣ་ཁ་40ལྷག་ཙམ་ཡོད་པ་རེད།
     གཞན་ཡང་། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། 2018ལོ་ནས་བཟུང་། ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་བཏང་ནས་རྩྭ་ཐང་ཐོག་བསྐྱུར་བའི་གད་སྙིགས་རིགས་དབྱེ་ཚུར་བསྡུ་བྱས་ཡོད་པ་རེད།
     བོད་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། 2018ལོའི་ཟླ་12པར། བོད་ལྗོངས་གཞུང་ཕྱོགས་ཀྱིས《འཚོ་བའི་གད་སྙིགས་རིགས་དབྱེའི་ལམ་ལུགས་ལག་བསྟར་ཇུས་གཞི》བཏོན་པ་དང་། ཇུས་གཞི་དེ་བཏོན་པ་ནས་2025ལོ་བར། བོད་ཀྱིས་འཚོ་བའི་གད་སྙིགས་བཙན་ཐབས་ངང་རིགས་དབྱེ་གཞི་རྩའི་ཆ་ནས་ཐུབ་པ་བྱ་རྒྱུ་རེད།