འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་9ཉིན།

༄༅།།【བྱང་ཐང་གི་གཏམ་རྒྱུད།】བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཏེ་
བྱང་ཐང་གི་བྱང་ཕྱོགས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་09ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།【བྱང་ཐང་གི་གཏམ་རྒྱུད།】བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཏེ་
བྱང་ཐང་གི་བྱང་ཕྱོགས།
     མི་དམངས་དྲ་བའི་འཕྲིན། བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་གླེང་བའི་ཚེ། མི་རྣམས་ཀྱིས་ངང་གིས་ཧྥེ་གླིང་ཚ་ཁུལ་གྱི་ནགས་ཚལ་སྟུག་པོ་དེ་ཡིད་ལ་འཆར་ངེས། གནས་དེ་གར་གླང་ཆེན་དང་སེང་གེ་ག་ས་གང་ནས་མཐོང་ཐུབ། དེ་ཡང་། “འཛམ་གླིང་ཡང་རྩེ་”རུ་འབོད་པའི་བྱང་ཐང་མི་མེད་ལུང་སྟོང་ཡང་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་ཁམས་ཤིག་ཡིན་པ། མི་རྣམས་ཀྱིས་ཤེས་ཀྱིན་མེད། 
    ཁུ་ནུ་རི་བོ་དང་གདང་ལ་རི་བོ། གངས་ཏི་སེའི་བར་དུ་ཆགས་ཤིང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་1200ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་700ཡོད་པའི་བྱང་རྩྭ་ཐང་ནི། ད་ལྟའི་བར་དུ་སའི་གོ་ལའི་ཐོག་རང་བྱུང་སྐྱེས་ཁམས་ཡང་དག་ངང་ཉར་ཚགས་བྱས་ཡོད་པའི་སྐམ་སའི་ས་ཆ་ཁ་ཤས་གྲས་ཀྱི་གཅིག་རེད། 
     གཙོད་མཐོང་མྱོང་བའི་མི་ཚང་མས་སྲོག་ཆགས་དེ་ནི་ཧ་ཅང་མཛེས་པར་བཤད། དེའི་མཛེས་ཆོས་ནི་པགས་པ་མ་ཡིན་པར་རྭ་ཅོ་རིང་པོ་དེ་ཡིན། རྭ་ཅོའི་རིང་ཚད་ལ་ཁྲེ་ཙི་གཉིས་ཙམ་ཡོད་པས། བཟོ་ལྟ་ཧ་ཅང་མཛེས་པོ་ཡོད། གཙོད་ནི་རྒྱུག་དུས་རླུང་ལྟར་མགྱོགས་ཤིང་མྱུར། 
    “འགྲན་རྒྱུག་པ”རུ་འབོད་པའི་རྐྱང་རྐང་ལག་བཞི་ལ་བརྟེན་ནས་རྒྱུག་པའི་ཚེ་ཆུ་ཚོད་རེར་སྤྱི་ལེ་45ཡི་མྱུར་ཚད་ལ་རྒྱུག་ཐུབ་ཅིང་། རྐྱང་ཁྱུ་བསྒྲིགས་ནས་རྒྱུག་པའི་ཚེ་རྔམ་བརྗིད་ལྡན། 
   འབྲོང་ནི་བྱང་ཐང་གི་ཆེས་བརྗིད་ཉམས་ཆེ་བའི་རི་སྐྱེས་སྲོག་ཆགས་དེ་ཡིན་ཞིང་། སྲོག་ཆགས་རྒྱལ་ཁབ་ཀྱི་“བློན་ཆེན”དུ་ཡང་འབོད། འབྲོང་ཁ་ཤས་ཀྱི་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་1000ཡོད་ཅིང་། བྲང་ཁར་རྩིད་པ་རིང་པོ་སྐྱེས་ཡོད། འགྲོ་བའི་དུས་རྩིད་པ་ལྡེམ་པོར་གཡོ་ཞིང་བརྗིད་ཉམས་དང་ལྡན། 
    རང་རྒྱལ་གྱིས་《བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱས་རྗེས། མཚོ་བོད་མཐོ་སྒང་དུ་གཙོད་དང་འབྲོང་། རྐྱང་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ཀྱི་མིང་ཐོར་བཀོད་ཡོད། 1991ལོར། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་20ལྷག་ཡོད་པའི་བྱང་ཐང་མི་མེད་ལུང་སྟོང་ནི་རྒྱལ་ཁབ་ནགས་ལས་སྡེ་ཁག་གིས་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་བྱ་རྒྱུར་ཐག་བཅད། དེའི་རྗེས་སུ། བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་གང་བྱུང་སྒོས་རྔོན་པའི་གནད་དོན་ཐག་བཅད། 1993ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱང་ཐང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 2000ལོར་བྱང་ཐང་སྲུང་སྐྱོང་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་གཏན་ཁེལ། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་29.8ཟིན། དེ་མིན་ས་ཁུལ་མཚེའུ་གཉིས་རྫོང(མཚེའུ་གཉིས་ཀྱི་གཞུང་དོན་ཁང་དང་མཚོ་གཉིས་དམིགས་བསལ་ཁུལ་མིང་བསྒྱུར་རྗེས་ཐོགས)ཉི་མ་རྫོང་(རིག་གནས་པུའུ་དོན་གཅོད་ཁང་མིང་བསྒྱུར་རྗེས་ཐོགས)ཤན་རྩྭ་རྫོང་སོགས་རྫོང་6གི་ཤང་ཁ་ཤས་འདུས་ཡོད། 
    བྱང་ཐང་མི་མེད་ལུང་སྟོང་དུ། “བདག་ཏུ་མ་བཟུང་རི་སྐྱེས་སྲོག་ཆགས་རྔོན་མི་ཆོག”ཅེས་པའི་བརྡ་སྦྱོར་བྱང་བུ་ག་ས་གང་དུ་མཐོང་ཐུབ་ཀྱི་ཡོད། ལོ་འགའི་སྔོན། མཚེའུ་གཉིས་དམིགས་བསལ་ཁུལ་གྱི་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཀྱི་འགན་འཁུར་པས། ཁོ་ཚོའི་འོས་འགན་གཙོ་བོ་ནི་འགྲིམ་འགྲུལ་ལམ་དང་། གཙོད་ཕྲུག་སྐྱེས་ས་བཅས་ལ་དྲག་ཆས་སྐོར་བསྐྱོད་ལྟ་ཞིབ་བྱ་རྒྱུ་དང་། མེ་མདའ་ཡིས་གཙོད་རྔོན་པའི་སྣང་ཚུལ། གཞན་མེ་མདས་གཙོད་1རྔོན་ན་ཉེས་དོན་གྱོད་གཞི་ལ་གཏོགས་པ་དང་། གཙོད་2རྔོན་ན་གྱོད་གཞི་ཚབས་ཆེན་ལ་གཏོགས། 3རྔོན་ན་གྱོད་དོན་ཧ་ཅང་ཚབས་ཆེན་ལ་བརྩིས་ནས་ཉེས་ཆད་དྲག་པོ་གཅོད་རྒྱུ་རེད་ཅེས་བཤད། 
    དྲིལ་སྒྲོག་དང་སྲུང་སྐྱོང་ཤུགས་ཆེར་བྱས་པར་བརྒྱུད། རྩ་ཆེ་བའི་བདག་ཏུ་མ་བཟུང་རི་སྐྱེས་སྲོག་ཆགས་འབོར་ཆེན་འཚོ་གནས་ཐུབ་ཡོད། དེ་སྔའི་མཚེའུ་གཉིས་དམིགས་བསལ་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཐོག་མའི་ཞིབ་བཤེར་ལ་གཞིགས་ན། མཚེའུ་གཉིས་ཀྱི་རྩྭ་ཐང་གཅིག་པུར། གཙོད་ཁྲི་5ནས་ཁྲི་7དང་། འབྲོང་སྟོང་8ནས་ཁྲི་1། རྐྱང་ཁྲ་ཁྲི་4ནས་ཁྲི་4.5བར་འཕེལ་ཡོད་པ་དང་། བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མངོན་གསལ་དོད་པོའི་ངང་འཕེལ་བཞིན་ཡོད། 
    ཉི་མ་རྫོང་ནགས་ཚལ་ཅུས་ནགས་ཚལ་ཡན་ལག་སྤྱི་བདེ་ཅུས་ཀྱི་འགན་འཁུར་པས། བྱང་ཐང་སྲུང་སྐྱོང་ཁུལ་མ་བཙུགས་སྔོན། ཉི་མ་རྫོང་དུ་བྱང་ཕྱོགས་ཀྱི་རོང་མ་ཤང་དུ་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཡོད་པ་དང་། ལྷོ་རྒྱུད་ཀྱི་འགྲོ་ཉིན་དང་གྲོ་བ། འོམ་བུ་ཤང་སོགས་སུའང་རི་སྐྱེས་སྲོག་ཆགས་ཡོད། ཁོ་ཚོས་ཞིབ་བཤེར་བྱས་པའི་སྲོག་ཆགས་རྔོན་པའི་གྱོད་དོན་ལོ་རེའི་10ནས་ད་ལྟར་གྱོད་དོན་1ཀྱང་ཐོན་གྱིན་མེད་ཅེས་བཤད། 
     ལོ་ངོ་བརྒྱ་ཕྲག་གི་སྔོན་དུ། སུའེ་ཏེན་གྱི་ཉེན་མཆོང་པ་གྲགས་ཅན་སི་ཝུན་དང་ཧུ་ཏིང་བྱང་ཐང་མི་མེད་ལུང་སྟོང་དུ་སོང་བ་དང་། “འབྲོང་དང་རྐྱང་ཁྲ་ནི་བགྲང་ལས་འདས་ཤིང་། མཚམས་རེར་ང་ཚོས་བརྒྱ་རེ་རྩིས་གཞི་རེར་བྱས་ནས་གྲངས་འབོར་བསྡོམས་རྩིས་བྱས་པ་ཡིན”ཞེས་ཟིན་ཐོར་བཀོད་ཡོད། 
    བྱང་ཐང་མི་མེད་ལུང་སྟོང་དུ་གྲང་ངར་ཆེ་ལ་དབྱང་རླུང་ཉུང་ཞིང་། ནམ་ཟླ་ངན་པས། “ཚེ་སྲོག་བཀག་སྡོམ་ཁུལ”དུ་བརྩི་བཞིན་ཡོད། ཡིན་ནའང་། ཁོར་ཡུག་ངན་པ་འདི་འདྲའི་ནང་དུ། བགྲང་གིས་མི་ལང་བའི་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་དང་འཚོ་གནས་བྱེད་ཐུབ་བམ། ཚན་ཞིབ་ལས་དོན་མི་སྣས་དེའི་གསང་བ་བཤད་པ་སྟེ། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གཅིག་མཁས་པས་ངོ་སྤྲོད་བྱེད་དོན། ཚན་ཞིབ་ལས་བྱེད་པ་མང་པོས་ཚན་རིག་རྟོག་ཞིབ་བྱས་པ་བརྒྱུད། ས་དབྱིབས་དམིགས་བསལ་ཡིན་ཞིང་རྙོག་འཛིང་ཆེ་བའི་མི་མེད་ལུང་སྟོང་དང་། རི་མཐོའི་ཁུལ། རྩྭ་ཐང་། བྱེ་ཐང་། ཆུ་བོ་དང་མཚེའུ་སྣོལ་ཁུལ་དུ་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ཧ་ཅང་འཚམ་པར་བཤད། དུས་མཚུངས་སུ། མཐོ་སྒང་གི་ཉི་འོད་འདང་ཞིང་། རྩི་ཤིང་གི་འོད་སྦྱོར་ནུས་པ་སྐུལ་འདེད་ཐུབ་ཅིང་། ནམ་གུང་དྲོད་ཚད་མར་ཆགས་པ་དང་། རྩི་ཤིང་གི་རྔུབ་ཚད་ཉུང་ཞིང་། སྐྱེ་ལྡན་རྫས་གསོག་འཇོག་ལ་ཕན་ནུས་ལྡན། དེའི་ཕྱིར། མི་མེད་ལུང་སྟོང་གི་རྩྭ་རིང་པོར་སྐྱེས་མེད་མོད། ཡིན་ནའང་། སྤྲིན་དཀར་དང་ཚིལ་སོགས་བཅུད་རྫས་འདུས་ཚད་ཧ་ཅང་མཐོ་པོ་ཡོད། འདིས་རྩྭ་གཟན་རི་དྭགས་ལ་ཁ་ཟས་བྲོ་ཞིམ་ལྡན་པ་མཁོ་འདོན་བྱས་ཡོད། 
【1】  【2】
༄༅།།【བྱང་ཐང་གི་གཏམ་རྒྱུད།】བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཏེ་
བྱང་ཐང་གི་བྱང་ཕྱོགས།