འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་5ཉིན།

༄༅༎ཚགས་ཤ་འཚོང་མཁན་ཀྲང་ཤིང་ཧྲེང་གི་དྲ་ཐོག་ཚོང་དོན་ལམ་བུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་05ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ན་ནིང་གི་ཟླ་11ཚེས་11ཉིན། ཉིའུ་ཁའེ་ཡིས་ཀྲང་ཤིང་ཧྲེང་ལ་རོགས་རམ་བྱས་ཏེ་སྐད་གྲགས་ཤིན་ཏུ་ཆེ་བའི་དྲ་མི་གྲགས་ཅན་ཞིག་དང་འབྲེལ་གཏུག་བྱས་ནས་གདན་ཞུའི་རྣམ་པའི་ཐད་གཏོང་བྱས་པས་སྐར་མ་20ཡང་མ་འགོར་བར་མངགས་ཐོ་7200འབྱོར་ཞིང་། མཐར་དངོས་ཟོག་5600ལྷག་ཙམ་དངོས་སུ་ཕྱིར་ཚོང་བྱས་པར་སྒོར་ཁྲི་80ལྷག་ཙམ་རག་ཡོད།
     ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་འབྲི་གཡག་དཀར་པོ་ཐོན་ཡུལ་གཙོ་བོ་རེད། ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པའི་མཐོ་གྲང་ས་ཁུལ་དུ་འཚོ་གནས་བྱེད་པའི་འབྲི་གཡག་དཀར་པོའི་རྒྱུད་ཀྱི་སྤུས་ཀ་དག་ལ་དཀོན་པས“རྩྭ་ཐང་གི་མུ་ཏིག་དཀར་པོ”ཞེས་བརྗོད་ཀྱི་ཡོད།
     འོན་ཀྱང་། ལོ་མང་རིང་མི་མང་པོས་དཔའ་རིས་ཀྱི་འབྲི་གཡག་དཀར་པོར་རྒྱུས་མངའ་དེ་ཙམ་མེད། 2017ལོ་ནས་བཟུང་། དཔའ་རིས་རྫོང་གིས་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་དཔེ་སྟོན་རྫོང་གཏོད་པའི་གོ་སྐབས་དམ་འཛིན་བྱས་ཏེ་དྲ་ཐོག་ཚོང་དོན་ཁེ་ལས་ཀྱིས་ཚགས་ཤ་དང་། སྨན་རྩྭ། བོད་རིགས་ཀྱི་ལག་ཤེས་ཐོན་རྫས། སྔོ་ཚོད་སོགས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཡོད་ལ། འཕེལ་རྒྱས་ཀྱང་ཆེན་པོ་ཕྱིན་པ་དང་ས་གནས་དེ་གའི་མི་མི་ཉུང་བ་ཞིག་ཀྱང་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ཚ་རླབས་ལ་ཞུགས་ཤིང་། “ཐའོ་པའོ་ཡི་ཐད་གཏོང་བ”ཀྲང་ཤིང་ཧྲེང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ད་ཆ་ཀྲང་ཤིང་ཧྲེང་དཔའ་རིས་ཀྱི་དྲ་ཐོག་ཚོང་དོན་འཁོར་རྒྱའི་ཁྲོད་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། ཚགས་ཤ་འཚོང་མཁན་ཞེས་པའི་མིང་དེ་ཡང་ས་ཕྱོགས་གང་སར་ཁྱབ།
     2009ལོར། ཀྲང་ཤིང་ཧྲེང་ཆེད་ཚན་སློབ་གྲྭ་ཐོན་རྗེས་ཤར་རྒྱུད་ས་ཁུལ་གྱི་གནམ་གྲུ་བཟོ་གྲྭའི་ཁེ་ལས་ཤིག་ཏུ་ལས་ཀ་བྱས་ནས་བསྡད། “ངས་ཀུང་སི་དེར་ལས་ཀ་ལོ་7ཏག་ཏག་བྱས་པ་ཡིན། ཟླ་རེར་གླ་ཆ་སྒོར་6500གཡས་གཡོན་ཡོད། འོན་ཀྱང་ཡུན་རིང་ཕྱིར་ལས་ཀ་བྱས་ནས་སྡོད་དུས་སེམས་ལ་ཕ་ཡུལ་དྲན་གྱི་འདུག”ཅེས་བཤད། 2016ལོའི་ཟླ་7པར་ཀྲང་ཤིང་ཧྲེང་གིས་ནང་མིར་གསལ་བཤད་ཡག་པོ་བྱས་ཏེ་དཔའ་རིས་སུ་ལས་གཏོད་བྱེད་པར་ཡོང་རྒྱུའི་ཐག་བཅད། ལོ་དེའི་ཟླ་9པར་ཁོང་གིས་ཀན་སུའུ་ཞིང་ཆེན་ཨའེ་ཐེ་ཉིའུ་ཉིའུ་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་རེད།
     2017ལོའི་ཟླ་6པར་ཀྲང་ཤིང་ཧྲེང་གིས་ཐའོ་པའོ་ཐད་གཏོང་ཁང་གཉེར་བ་དང་། སྐབས་དེ་དུས་ཀྲང་ཤིང་ཧྲེང་གཅིག་པུས་ཀུང་སིའི་ཕྱི་ནང་ཚང་མ་འགན་འཁུར་གྱི་ཡོད། “ངས་ཐད་གཏོང་བ་གཞན་གྱིས་ཐད་གཏོང་གང་འདྲ་བྱེད་མིན་ལ་བལྟས་ཏེ་འཛད་སྤྱོད་པ་དང་མཉམ་འགུལ་བྱེད་ཀྱི་ཡོད། དེ་ལྟར་སྦྱོང་གིན་དུ་ཤེས་བྱུང”
     ཉིན་བཅུ་གྲངས་ཐད་གཏོད་བྱས་རྗེས་ཀྲང་ཤིང་ཧྲེང་ལ་ཚོང་དང་པོ་དེ་རག “ཉོ་མཁན་ཁྲང་ཧྲ་ནས་རེད་འདུག ཚགས་ཤ་ཤོག་ཆག་2ཉོས་སོང་། ངས་ཐུགས་རྗེ་ཆེ་ཞུ་ཆེད། ཆེད་མངགས་ཤོག་ཆག་3བསྐུར་བ་ཡིན”
     2017ལོར་ཐེན་ཅིན་དང་ཀན་སུའུ་ས་གནས་གཉིས་ཀྱི་ཚོང་དོན་སྡེ་ཚན་གྱིས་མཚམས་སྦྱོར་བྱས་པ་བརྒྱུད། ཐེན་ཅིན་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་ཁེ་ལས་ཕུལ་བྱུང་གི་ཚབ་བྱས་ནས་དཔའ་རིས་སུ་ཡོད་པའི་ཐེན་ཅིན་ཝུའུ་ཁྲོང་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་ས་གནས་དེ་གའི“དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས”ལ་ཐབས་འདོན་ཇུས་འགོད་བྱས་པ་རེད།
     “ང་དང་ཀྲང་ཤིང་ཧྲེང་གཉིས་པོ་ན་ནིང་ཟླ་བརྒྱད་པར་ངོ་ཤེས་བྱུང་། བརྟག་ཞིབ་བྱེད་སྐབས་ཁོང་ལ་འཐུས་སྒོ་ཚང་བའི་དྲ་ཐོག་ཚོང་དོན་ཚོགས་པ་ཞིག་ཡོད་པ་མ་ཟད། དྲ་ཐོག་ཕྱིར་ཚོང་གི་ཉམས་མྱོང་ཡང་ཡོད་པ་ང་ཚོས་ཤེས་བྱུང་། དེས་ན་ང་ཚོ་མ་གྲོས་གཅིག་མཐུན་གྱིས་ཟླ་དགུ་པའི་ཟླ་དཀྱིལ་ནས་བཟུང་མཉམ་ལས་བྱེད་འགོ་བཙུགས་པ་ཡིན” ཕྱོགས་གཉིས་པོས་འཆར་གཞི་མགྱོགས་མྱུར་བཀོད་དེ་ཀྲང་ཤིང་ཧྲེང་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་འབྲི་གཡག་དཀར་པོའི་ཐོན་རྫས་འཚོང་མཁན་གྲགས་ཅན་ཞིག་ཏུ་གཏོད་པའི་སེམས་ཐག་བཅད་པ་ཡིན་ཞེས་ཝུང་ཁྲོང་དྲ་ཐོག་ཚོང་དོན་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཉིའུ་ཁའེ་ཡིས་བཤད།
     ན་ནིང་ཟླ་11ཚེས་11ཉིན། ཉིའུ་ཁའེ་ཡིས་ཀྲང་ཤིང་ཧྲེང་ལ་རོགས་རམ་བྱས་ཏེ་དྲ་མི་གྲགས་ཅན་ཞིག་དང་འབྲེལ་གཏུག་བྱས་ནས་གདན་ཞུའི་རྣམ་པའི་ཐད་གཏོང་བྱས་པས་སྐར་མ་20ཡང་མ་འགོར་བར་མངགས་ཐོ་7200འབྱོར་བ་དང་། མཐར་དངོས་ཟོག་5600ལྷག་ཙམ་དངོས་སུ་ཕྱིར་ཚོང་བྱས་པར་སྒོར་ཁྲི་80ལྷག་ཙམ་རག་ཡོད། དེ་དང་ཆབས་ཅིག ཀྲང་ཤིང་ཧྲེང་རང་ཉིད་ཀྱིས་ཐད་གཏོང་ཐེངས་20ལྷག་ཙམ་བྱས་ནས་ཕྱིར་ཚོང་བྱས་པར་རིམ་རྩིས་བྱས་ན་སྒོར་ཁྲི་110ལྷག་ཙམ་རག་ཡོད་པ་རེད།
     ཀྲང་ཤིང་ཧྲེང་གིས། “ལོ་འགའ་ཤས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ང་རང་ལ་ཕྱིར་ཚོང་བྱེད་ལམ་ཁ་ཤས་རྙེད་པ་དང་། ན་ནིང་ང་ཚོར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་150ལྷག་ཙམ་རག་བྱུང་། དྲ་གྲོགས་མང་པོ་འདི་འདྲ་དང་ཕན་ཚུན་མཉམ་སྒུལ་བྱས་པ་བརྒྱུད། ང་རང་ལ་ཀྲུང་གོའི་འཛད་སྤྱོད་ཀྱི་གསོན་ཤུགས་ཆེན་པོ་མྱོང་ཚོར་ཐུབ་བྱུང་། ཁོ་ཚོས་ཅ་དངོས་ཀྱི་སྤུས་ཀར་ལྟ་བ་ལས་རིན་གོང་ལ་དེ་ཙམ་སྣང་བ་གཏོང་གི་མི་འདུག ཐད་གཏོང་ལས་དྲ་གྲོགས་ཚོས་ཅ་དངོས་ཀྱི་རྒྱུ་ཆ་དང་ཐོག་མའི་ཐོན་སྐྱེད་བྱ་ཡུལ་མཐོང་ཐུབ་ཀྱི་ཡོད། འདི་ལོ་ངར་ན་ནིང་ལས་ཀྱང་ཡོང་འབབ་མང་བ་རག་སྲིད་པའི་ཡིད་ཆེས་ཡོད”ཅེས་བཤད་བྱུང་།