འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་29ཉིན།

༄༅།།ཀན་སུའུ་དཔའ་རིས་ཀྱི་ཞིང་པས་ཐོན་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་29ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་བཞིའི་གོང་རི་ཁུག་གི་ས་ཕག་ཁང་པའི་ནང་བསྡད་ཡོད་པའི་བོད་རིགས་ཨ་ཁུ་ལིའུ་ཏིང་ཧན་གྱིས་ནམ་ཞིག་རང་ཉིད་སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཏབ་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་ཡོང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།
     ལིའུ་ཏིང་ཧན་ནི་ཀན་སུའུ་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དོར་ཞི་གྲོང་རྡལ་གྱི་མི་ཡིན་པ་དང་ཁྱིམ་ཚང་ཁྲི་ལེབ་རི་བོའི་སྲུང་སྐྱོང་ཁུལ་དུ་གནས་ཡོད། ཁོང་གིས་བརྗོད་དོན། “དེ་སྔ་གྲོང་རྡལ་དུ་སྐྱོད་པའི་འགྲིམ་འགྲུལ་སྟབས་བདེ་མེད་པར་བརྟེན་གྲོང་མི་ཚོས་ར་ལུག་འཚོ་བ་དང་ཞོག་ཁོག་དང་ནས་བཏབ་ནས་འཚོ་ཐབས་བྱེད་པ་དང་། དངུལ་ཡང་དཀོན་པས་འཚོ་བ་འཁྱོལ་ཙམ་ལས་མེད། མ་ཟད་སྡོད་སའི་ཁང་པ་མང་ཆེ་བ་ནི་དུས་རབས་གོང་མའི་ལོ་རབས་60སྐབས་བསྐྲུན་པའི་ཁང་པ་རེད”
     དམངས་འཚོ་ལེགས་སུ་བཏང་ནས་རི་ཁུལ་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་དེ་བས་ལེགས་སུ་གཏོང་ཆེད། ཀན་སུའུ་དཔའ་རིས་ཀྱིས་སྟོང་བོན་དང་། དོར་ཞི། ཕ་ཁྲི། རྒྱ་ཡག་སོགས་ཤང་གྲོང་8དང་གྲོང་ཚོ་51གི་གྲོང་མི་སྟག་ལུང་སྡེ་གྲོང་རྡལ་གྱི་བདེ་སྐྱིད་གྲོང་གསར་དུ་གཅིག་སྡུད་ཐོག་གནས་སྤོ་བྱེད་དུ་བཅུག་པ་དང་འབྲེལ་ཁོང་ཚོར་བདེ་འཇགས་ཀྱི་འཐུང་ཆུ་དང་། ཡོང་འབབ་འཕར་བའི་ཐོན་ལས། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གནད་དོན་མང་དག་གཅིག་ཐག་གཅོད་བྱས་པས་གནས་སྤོས་དུད་ཚང“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། དབུལ་པོ་ལས་སྒྲོལ་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱུང་ཡོད།
     བདེ་སྐྱིད་གྲོང་ཚོ་འདི་ཉིད་2014ལོར་བསྐྲུན་པ་དང་། 2015ལོར་ལིའུ་ཏིང་ཧན་མི་རབས་གསུམ་རྒྱ་ཁྱོན་སྨི་ངོས་གྲུ་80ལྷག་ཙམ་ཡོད་པའི་ཁང་པ་གསར་པའི་ནང་སྤོས་ཡོད། ལིའུ་ཏིང་ཧན་གྱིས། གྲོང་ཚོ་གསར་པའི་ལམ་ཁོད་སྙོམས་ལ་ལམ་ངོས་རྒྱ་ཆེ་བ་དང་། གད་སྙིགས་མཐོང་རྒྱུ་མེད་ལ་ལྕི་བ་དང་རིལ་མ་དེ་བས་མཐོང་རྒྱུ་མེད། “ད་ལྟའི་གཙང་ཞིང་གྲལ་སྟར་སྒྲིག་པའི་སྡོད་སའི་ཁོར་ཡུག་དེ་རི་སྟེང་དུ་སྡོད་པ་ལས་སྐྱིད་པ་འདུག”ཅེས་བཤད། ལུས་ཐོག་ཏུ་བོད་ཆས་གསར་པ་ཞིག་གྱོན་པའི་ཁོང་གིས་སྒོ་རའི་རྒྱབ་ཏུ་སྤུངས་པའི་ཤ་མོའི་འགྱིག་ཤོག་ལ་མཛུབ་མོ་བཙུགས་ཏེ། “རི་ནས་དེར་སྤོས་རྗེས་ངས་ར་ལུག་གསོ་ཚགས་དང་བྲའོ་འདེབས་འཛུགས་བྱས་པ་མ་ཟད། ད་དུང་ཤ་མོའི་དྲོད་ཁང་6བསྐྲུན་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་རག་གི་འདུག ཐོན་ལས་གླིང་གིས་ཤ་མོའི་འགྱིག་ཤོག་གཅིག་གྱུར་ཐོག་སྤྲོད་པ་དང་གཅིག་གྱུར་ཐོག་བསྡུ་ཡི་ཡོད་པས་སེམས་ཁྲལ་གང་ཡང་བྱེད་དགོས་མི་འདུག”ཅེས་བཤད།
     གནས་སྤོས་ཞིང་པ་ཕྱུག་པོ་ཆགས་ཐུབ་པ་བྱ་ཆེད། རྫོང་དེས་ས་ཆ་དེ་གར་མུའུ་209ཡོད་པའི་ཅུས་ཞང་ཤ་མོ་ཐོན་ལས་གླིང་བཙུགས་པ་དང་། མིག་སྔར་ཤ་མོའི་འགྱིག་ཤོག་ཐོན་སྐྱེད་འབྲེལ་ཐག་དང་སོས་ཉར་མཛོད་བཀོད་སྒྲིག་བྱས་ནས་ཤ་མོའི་འགྱིག་ཤོག་ཁྲི་420ཐོན་སྐྱེད་བྱས་ཏེ་གནས་སྤོས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་210ལ་བཟའ་བཅའི་ཤ་མོང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
      ཐོན་ལས་གླིང་དེའི་འགན་ཁུར་བ་ཙེང་པའོ་ཁྲེང་ནི་ན་ནིང་ཚོང་འགུགས་མ་འདྲེན་བྱེད་སྐབས་ཧྥུའུ་ཅན་ནས་དེར་ཡོང་བ་ཞིག་ཡིན་པ་དང་། ཁོང་གིས་དཔའ་རིས་ཀྱི་སྔ་དགོང་དྲོད་ཚད་ཧེ་བག་ཆེན་པོ་ཡོད་པས་དེ་ནས་ཐོན་པའི་བཟའ་བཅའི་ཤ་མོའི་སྤུས་ཚད་ཡག་པོ་ཡོད་པ་དང་། ད་ཆ་ཐོན་རྫས་གཙོ་བོ་ནུབ་བྱང་གི་ཞིང་ཆེན་5དང་། དེ་བཞིན་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་ཀྱི་ས་ཆར་ཕྱིར་ཚོང་བྱེད་ཀྱི་ཡོད། “ཐོན་ལས་གླིང་གིས་ཤ་མོའི་འགྱིག་ཤོག་ཡག་པོ་བཟོས་ཏེ་ཞིང་དུད་སར་བསྐྱལ་ནས་ཁོང་ཚོར་འདེབས་འཛུགས་བྱེད་སྟངས་བསླབས་རྗེས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
     ལིའུ་ཏིང་ཧན་དང་འདྲ་བའི་སྣོད་བཅུད་གནས་སྤོས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕྱུག་པོ་ཆགས་པའི་གྲོང་མི་མི་ཉུང་བ་ཞིག་ཡོད་པ་དང་གྲོང་ཚོ་དེའི་བུད་མེད་ལི་ཧུང་ཕིང་ནི་དེའི་གྲས་ཤིག་རེད། རི་ཁུག་ནས་གྲོང་ཚོ་གསར་པར་སྤོས་རྗེས་ཁོང་གིས་མི་གཞན་གྱིས་གཡོག་བྱེད་བྱེད་ཁོམ་མེད་པའི་དྲོད་ཁང་ཆེ་མོ་11ཚུར་བླངས་ནས་ཤ་མོང་འདེབས་འཛུགས་བྱས་པ་དང་གཡོག་བྱེད་ཡག་པོ་བྱས་པ་བརྒྱུད་ཤ་མོང་གཅིག་པུ་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་16.5རག་གི་ཡོད།