འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎གངས་དཀར་རི་བོ་བསྐོར་བའི་བྱེས་བགྲོད་རྒྱུགས་རྩལ་འགྲན་བསྡུར་ཟླ་བརྒྱད་པར་འགོ་ཚུགས་རྒྱུ་ཡིན།

ད་ལོར་འགྲན་བསྡུར་ཚོགས་ཆུང་4བཙུགས་པ་དང་རིམ་པ་དམའ་ཤོས་སྤྱི་ལེ་10ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སི་ཁྲོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་ཀྲུང་གོ་དཀར་མཛེས་གངས་དཀར་རི་བོ་བསྐོར་བའི་སྤྱི་ལེ་བརྒྱའི་རི་ཁུལ་བྱེས་བགྲོད་རྒྱུགས་རྩལ་འགྲན་བསྡུར་ཟླ་8ཚེས་23ཉིན་ནས་ཚེས་25ཉིན་བར་གཉེར་རྒྱུ་ཡིན་པ་དང་། མིང་ཐོ་འགོད་ལམ་ཉིན་ཤས་གོང་སྒོ་འབྱེད་ཟིན་པ་རེད། 
     2019ལོའི་ཀྲུང་གོ་དཀར་མཛེས་གངས་དཀར་རི་བོ་བསྐོར་བའི་སྤྱི་ལེ་བརྒྱའི་རི་ཁུལ་བྱེས་བགྲོད་རྒྱུགས་རྩལ་འགྲན་བསྡུར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། ལམ་ཐིག་རྙོག་འཛིང་ཆེ་ཤོས། མཛེས་ལྗོངས་ཡག་ཤོས་བཅས་ཀྱི་རྒྱལ་སྤྱིའི་Aརིམ་པའི་འགྲན་བསྡུར་ཞིག་ཡིན་ལ། རྒྱལ་ནང་གི་ས་བབ་མཐོ་ཚད་སྨི་6000ཡན་གྱི་གངས་རི་མཐོང་ཐུབ་པའི་འགྲན་བསྡུར་འབའ་ཞིག་ཀྱང་ཡིན། 2017ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁག་དང་པོ་དང་སི་ཁྲོན་ཞིང་ཆེན་གྱི་“རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་རྩེར་སོན་འགྲན་བསྡུར”ཉག་གཅིག་ལ་གཏན་འཁེལ་བྱས་པ་རེད། 
     འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་ཚོས་ལོ་ལྟར་ས་བབ་མཐོ་བའི་ས་ཁུལ་དུ་བར་ཐག་སྤྱི་ལེ་100འགྲན་སློང་བྱས་ནས་ལོ་གསུམ་རིང“སི་ཁྲོན་རི་ཡི་རྒྱལ་པོ”གངས་དཀར་རི་བོར་སྐོར་བ་གཅིག་རྒྱག་རྒྱུ་དེ་འགྲན་སློང་དུ་བྱས་ཡོད། 2019ལོར་འགྲན་ལམ་གྱི་དཀའ་གནད་ཆེ་ཤོས་ཡིན་ན་ཡང་ཡུལ་ལྗོངས་ཡག་ཤོས་ཀྱང་ཡིན། དུང་དཀར་ལུང་ཤུར་གྱི་གདོད་མའི་ནགས་ཚལ་རང་བྱུང་མཛེས་ལྗོངས་ཁུལ་ནས་པ་ཝང་མཚོའི་འཁྱགས་རོམ་གྱི་ཐང་ཤིང་དང་། དེ་ནས་རྩི་དམར་ལ་ཁའི་སྤྲིན་མཚོ་དང་གངས་རིའི་བར། ལམ་བར་གྱི་གངས་རི་མཐོན་པོ་སྤྲིན་ལ་ཟུག་ཅིང་། འཁྱགས་རོམ་ཆེ་ལ། ནགས་ཚལ་སྟུག་པ། སྤང་ལྗོངས་ནི་གདན་དང་འདྲ་ཞིང་མཚེའུ་ནི་མེ་ལོང་དང་མཚུངས། མཛེས་ལྗོངས་དེ་དག་ཚང་མ་ལྷ་ཡུལ་དང་གཉིས་སུ་མ་མཆིས། 
     ཀྲུང་གོ་དཀར་མཛེས་གངས་དཀར་རི་བོ་བསྐོར་བའི་སྤྱི་ལེ་བརྒྱའི་རི་ཁུལ་བྱེས་བགྲོད་རྒྱུགས་རྩལ་འགྲན་བསྡུར་ལ་བྱེས་བགྲོད་རྒྱུགས་རྩལ་ལ་དགའ་མཁན་མང་པོས“ཀྲུང་གོའི་ཆེས་མཛེས་པའི་ཕྱི་རོལ་གྱི་འགྲན་བསྡུར”ཞེས་པའི་མཚན་སྙན་ཕུལ་བ་དང་ཆབས་ཅིག དེའི་ས་བབ་མཐོ་བ་དང་དཀའ་ཚད་ཆེ་བས“རྒྱལ་ནང་གི་མནར་གཅོད་ཆེ་ཤོས་ཀྱི་འགྲན་ལམ”ཞེས་པའི་མིང་ཡང་ཐོབ་ཡོད། དེ་ལྟར་ཡིན་ནའང་། འགྲན་ཞུགས་མི་གྲངས་ལོ་ལྟར་འགྲན་རྩོད་ཤིན་ཏུ་ཆེ། རི་ཁུལ་གྱི་བྱེས་བགྲོད་རྒྱུགས་རྩལ་ལ་དགའ་པོ་ཡོད་མཁན་དེ་བས་མང་བར་གངས་དཀར་རི་བོའི་མཛེས་ལྗོངས་དང་འགྲན་སློང་ཉམས་སུ་མྱོང་དུ་འཇུག་པའི་གོ་སྐབས་སྤྲོད་ཆེད། ད་ལོ་འགྲན་བསྡུར་བཀོད་སྒྲིག་ཐད་ཁྱོན་བསྡོམས་འགྲན་བསྡུར་ཚོགས་ཆུང་4བཙུགས་ཡོད་དེ། སྤྱི་ལེ་100ཡི་ཚོགས་ཆུང་ཕུད། ད་དུང་སྤྱི་ལེ་50དང་སྤྱི་ལེ་30ཡི་འགྲན་བསྡུར་ཚོགས་ཆུང་བཙུགས་པ་དང་དེ་བཞིན་སྤྱི་ལེ་10“གངས་དཀར་དུ་མཉམ་དུ་བསྐྱོད”ཅེས་པའི་ཚོགས་ཆུང་ཡང་བཙུགས་ཡོད།