འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་ཁྲོད་ནས་ཡར་ཀླུང་གཙང་པོའི་དབུས་སྟོད་ནས་
ལོ་རྒྱུས་མ་བྱུང་གོང་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་རྗེས་ཤུལ་26གསར་དུ་རྙེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་ལོ་འཁོར་གྱི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི“ལོ་རྒྱུས་མ་བྱུང་གོང་གི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་བའི་ལོ་རྒྱུས་དང་ཤུགས་རྐྱེན”ཞེས་པའི་ཆེད་དོན་ས་གཞིའི་བརྟག་དཔྱད་ལས་དོན་ཉིན་ཤས་གོང་བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཁྲོད་ལོ་རྒྱུས་མ་བྱུང་གོང་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་རྗེས་ཤུལ་26གསར་དུ་རྙེད་ཡོད། དེའི་ནང་རིག་གནས་བང་རིམ་གྱི་ལོ་རྒྱུས་གོང་གི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་13ལ་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
     མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི“ལོ་རྒྱུས་མ་བྱུང་གོང་གི་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་ལོ་རྒྱུས་དང་ཤུགས་རྐྱེན”ཆེད་དོན་བརྟག་དཔྱད་ལས་དོན་དེ་མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི“རྣམ་གྲངས་ཆེན་པོ་བཅུའི”གྲས་ཀྱི“མིའི་རིགས་ཀྱི་བྱེད་སྒོ་དང་ཁོར་ཡུག་བདེ་འཇགས”ཀྱི་ཁོངས་སུ་གཏོགས་ཡོད། ཚན་རིག་རྟོག་ཞིབ་ཀྱི་ཆེད་དོན་ས་གཞིས་བརྟག་དཔྱད་ལས་དོན་དེ་ཟླ་6ཚེས་5ཉིན་སྤེལ་འགོ་ཚུགས་པ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་། ལན་ཀྲོའུ་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་དེ་བཞིན་ནུབ་བྱང་སློབ་ཆེན་སོགས་ཚན་པ་མང་པོའི་ས་གཤིས་རིག་པ་མཁས་ཅན་དང་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་མཉམ་འབྲེལ་ཐོག་རུ་ཁག་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་རེད།
     ཚན་རིག་རྟོག་ཞིབ་རུ་མིས་གཙོ་བོ་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་ཀྱི་རྒྱུགས་ཁུལ་གཙོ་བོ་དང་།   མྱང་ཆུ་དང་། རྡོ་གཞུང་གཙང་པོ། གླེའུ་གཙང་པོ་སོགས་ཆུ་ལག་ས་ཁོངས་ལ་བརྟག་དཔྱད་བྱས་ཡོད། དེའི་ནང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གླིང་དང་། རྒྱལ་རྩེ། གྲོ་མོ། སྐྱིད་གྲོང་། ས་དགའ། འབྲོང་པ་སོགས་རྫོང(ཆུས)16གི་སྤྱི་ལེ་ངོས་གྲུ་8000ཙམ་གྱི་ལོ་རྒྱུས་གོང་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་རྗེས་ཤུལ་58ཁོངས་སུ་གཏོགས་ཡོད། དེའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་རྗེས་ཤུལ་26ཚུད་ཡོད་པ་དང་། དེའི་ནང་གི་རྗེས་ཤུལ་13ལ་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོས་བཞག་པའི་རིག་གནས་བང་རིམ་ཡོད་པ་རེད།
     ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་“ལོ་རྒྱུས་མ་བྱུང་གོང་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་ལོ་རྒྱུས་དང་ཤུགས་རྐྱེན”ཞེས་པའི་ཡན་ལག་རུ་ཁག་གི་རུ་དཔོན་དབྱང་ཞའོ་ཡན་གྱིས་“ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ནི་ས་ཁོངས་དེར་རིག་གནས་རིམ་པ་ཡོད་པའི་ལོ་རྒྱུས་གོང་གི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་10ཐོག་མར་རྙེད་པ་དེ་རེད། དུས་མཇུག་གི་ཚོད་ལྟ་ཁང་དུ་ལོ་འཁོར་གཏན་འཁེལ་བྱས་པ་བརྒྱུད་ང་ཚོས་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་ཀྱི་ས་ཁོངས་ཀྱི་ལོ་རྒྱུས་མ་བྱུང་གོང་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་། སྤྱི་ཚོགས་དཔལ་འབྱོར་གྱི་གནས་ཚུལ། ཐ་ན་མཐའ་འཁོར་གྱི་རིག་གནས་དང་ལག་རྩལ་སྤེལ་རེས་ཀྱི་གནས་ཚུལ་བཅས་གསལ་སྟོན་བྱེད་ཐུབ་པས་བོད་ལྗོངས་ས་ཁུལ་གྱི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་”ཅེས་བརྗོད་པ་རེད།
     མིག་སྔར། ཚན་རིག་རྟོག་ཞིབ་རུ་ཁག་གིས་ས་གཞིས་བརྟག་དཔྱད་དང་དམར་དཔེ་འཚོལ་བསྡུ་བྱས་པའི་ཐོག་མའི་ལེགས་སྒྲིག་བྱས་ཚར་བ་རེད། དུས་མཚམས་རྗེས་མར་ད་དུང་གནའ་ཤུལ་13ནས་སྔོག་འདོན་བྱས་པའི་རིག་གནས་ས་རིམ་གྱི་སོལ་བ་དང་། རྫ་ལེབ། རྩི་ཤིང་ཀུའེ་གཟུགས་ཀྱི་ས་དཔེ་སོགས་དམར་དཔེར་དབྱེ་ཞིབ་དང་ཚད་ལེན་ཚོད་ལྟ་བྱ་རྒྱུ་དང་། རྡོ་ཆས་ས་ཚིགས་26ནས་འཚོལ་བསྡུ་བྱས་པའི་རྡོ་ནག་དང་། གཡུ་སྔོན་བྲག་རྡོ། ཆུ་ཤེལ་སོགས་རྡོ་ཆས་ཀྱི་དུས་མཇུག་གི་དཔྱད་གཞི་ལེགས་སྒྲིག་བྱས་པ་དང་འབྲེལ་རྡོ་ཆས་ཐོག་ནས་མངོན་པའི་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོའི་ཆ་འཕྲིན་གསལ་འགྲེལ་བྱ་རྒྱུ་རེད།