འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་24ཉིན།

༄༅།།ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱི་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་གཏམ་བཤད་ནི་དོན་དངོས་དང་འགལ་བས་ས་
གནས་དེའི་རྒྱལ་ཁབ་དང་མི་དམངས་མགོ་སྐོར་ཐེབས་མི་སྲིད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། ཨ་རིའི་དཔོན་རིགས་ཀྱིས་ཉེ་ཆར་ཀྲུང་གོས་བཙན་སྐུལ་གྱི་ཐབས་ལ་བརྟེན་ནས་ལྷོ་རྒྱ་མཚོ་གསར་སྤེལ་བྱ་རྒྱུ་བཀག་འགོག་བྱས་ཡོད་ཅེས་བཤད་པར། ཕྱི་འབྲེལ་པུའི་མགྲིན་འཚབ་པ་ཀེང་ཧྲོང་གིས་ཚེས་22ཉིན་གྱི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག འབྲེལ་ཡོད་གཏམ་བཤད་ནི་དོན་དངོས་དང་འགལ་ཡོད་པས། ས་གནས་དེ་གའི་རྒྱལ་ཁབ་དང་མི་དམངས་ཁོང་ཚོའི་མགོ་སྐོར་འོག་ཚུད་མི་སྲིད་ཅེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས་ཚེས་20ཉིན། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས།  ཀྲུང་གོས་ལྷོ་རྒྱ་མཚོའི་སྣུམ་རླངས་གསར་སྤེལ་བྱེད་སྒོར་འགལ་རྐྱེན་བཟོས་པའི་སྐོར་གྱི་གནས་ཚུལ་སྤེལ་བར་ཨ་རི་སེམས་ཁྲལ་བྱུང་ཞེས་དང་།  ཝེ་ཐེ་ནམ་གྱི་དུས་ཡུན་རིང་པོའི་འཚོལ་ཞིབ་དང་ཐོན་སྐྱེད་བྱེད་སྒོ་ཚུད་པར་འགལ་རྐྱེན་བཟོས་ཡོད་ཅེས་འཁོད་ཡོད་པ་རེད།  གསལ་བསྒྲགས་ནང་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨོ་ཡི་གཏམ་བཤད་འདྲེན་ནས་ཀྲུང་གོས་བཙན་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས་ལྷོ་རྒྱ་མཚོ་གསར་སྤེལ་བྱ་རྒྱུ་བཀག་འགོག་བྱས་ཡོད་ཅེས་བརྗོད་ཡོད།  ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པོར་ཏུན་གྱིས་ཐུའེ་ཐེའི་ཐོག་གནས་ཚུལ་སྤེལ་ནས། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་སྐུལ་བྱ་ཐབས་སྤེལ་བས་ས་གནས་དེའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
      མིག་སྔའི་ལྷོ་རྒྱ་མཚོའི་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་དང་ཕན་ནུས་ལྡན་པའི་ངང་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》དོན་འཁྱོལ་བྱས་ནས་མཚོ་ཐོག་གི་དངོས་གཉེར་མཉམ་ལས་དང་“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི་"ཐད་གྲོས་མོལ་བྱ་རྒྱུར་སྐུལ་འདེད་བཏང་བས།  ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ནུས་ལྡན་ངང་སྲུང་སྐྱོང་ཐུབ་ཡོད།   དུས་མཚུངས་སུ་ཀྲུང་གོས་ལྷོ་རྒྱ་མཚོའི་འབྲེལ་ཡོད་དོ་བདག་རྒྱལ་ཁབ་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཧུར་བརྩོན་ཆེན་པོས་འབྲེལ་ཡོད་རྩོད་གཞིར་དོ་དམ་ཚོད་འཛིན་བྱས་ཡོད་པ་རེད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དངོས་འདི་དག་མཐོང་གསལ་རེད་ཅེས་བརྗོད་པ་རེད།    
     ཁོང་གིས། དུས་ཡུན་རིང་པོའི་ནང་། ཨ་རི་སོགས་ཕྱི་ཕྱོགས་སྟོབས་ཤུགས་ག་ཞིག་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་མཐོ་བཤད་དམའ་བཤད་བྱེད་པ་དང་།  ངན་སྐུལ་དཀྲུག་ཤིང་བཟོ་བ་།   ཕར་དཀྲུག་ཚུར་དཀྲུག་བྱེད་པ། མ་རུངས་ཁོག་བཅུག་བཅས་བྱེད་བཞིན་ཡོད་པ་རེད། འབྲེལ་ཡོད་བྱེད་སྟངས་དེ་རིགས་ཀྱིས་ལྷོ་རྒྱ་མཚོའི་དུས་བབ་ཟང་ཟིང་བཟོ་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཅས་བཏང་ཡོད་ཅེས་བཤད་པ་རེད།     
     ཀེང་ཧོང་གིས་“སྐུ་ཞབས་ཕེང་ཕེ་ཨོ་དང་སྐུ་ཞབས་པོར་ཏུན་གྱི་འབྲེལ་ཡོད་གཏམ་བཤད་ནི་དོན་དངོས་དང་འགལ་ཞིང་། དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། འགལ་བ་འོས་འཚམ་ངང་དོ་དམ་ཚད་འཛིན་བྱེད་པའི་འདུན་པ་དང་འབད་བརྩོན་ལ་དམའ་འབེབས་དང་སྐྱོན་འཛུགས་བྱས་པ་ཞིག་རེད། ས་གནས་དེ་གའི་རྒྱལ་ཁབ་དང་མི་དམངས་ཁོང་ཚོའི་མགོ་སྐོར་འོག་ཚུད་མི་སྲིད”ཅེས་བཤད་པ་རེད། 
ཀེང་ཧྲོང་གིས། ཀྲུང་གོས་ཨ་རི་ཕྱོགས་ལ་འགན་མི་འཁུར་བའི་བྱ་སྤྱོད་དེ་འདྲ་སྤེལ་མཚམས་བཞག་ནས། དོན་དངོས་ལ་བརྩི་འཇོག་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་གྲོས་མོལ་བརྒྱུད་ནས་འགལ་བ་ཐག་གཅོད་བྱེད་པའི་འབད་བརྩོན་ལ་བརྩི་འཇོག་དང་།  ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་ལས་དེ་ལས་ལྡོག་རྒྱུ་མེད་ཅེས་བསྟན་པ་རེད།