འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

——2019ལོའི“མཐའ་སྐྱོར་མི་སྣ་ཡག་ཤོས”ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཐའ་སྐྱོར་མི་རྣམས་ཀྱི་སེམས་ལ་མཐའ་མཚམས་ནི་ས་ཁམས་ཀྱི་གོ་དོན་ཁོ་ན་མིན་པར་དེ་གར་ཁོང་ཚོས་ལེགས་སྐྱེས་ཕུལ་བ་དང་འབད་འཐབ་བྱས་ཡོད་ལ། བརྩེ་བ་ཉ་ཆུ་ལྟར་ཟབ་པའི་མི་རིགས་ཀྱི་སྤུན་ཟླ་ཡང་ཡོད་པ་སོགས་བརྗེད་པར་དཀའ་བའི་བྱ་བ་གྲངས་ལས་འདས།
     ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ཏེ་རྣམ་པ་གསར་རྐྱང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུས་2019ལོའི“མཐའ་སྐྱོར་མི་སྣ་ཡག་ཤོས”ཀྱི་འོས་མིའི་སྔོན་ཐོན་མཛད་རྗེས་ཡོངས་བསྒྲགས་བྱས་པ་རེད།
     གཅིག་སེམས་གཅིག་གཏད། 
     མཐའ་མཚམས་ཀྱི་མི་སེར་གཉེན་ཉེར་བརྩིས་པ།
     ནན་ཅང་ཡུས་ཐན་རྫོང་དུ་ལས་ཀ་བྱེད་མཁན་ཐེན་ཅིན་གྱི་ཤིན་སྐྱོར་ལས་བྱེད་པ་ཞིས་ཧྲེ་མིང་ཉིན་མཚན་དབྱེར་མེད་དུ་ལས་ཀ་འཕར་མ་བྱས་པའི་རྐྱེན་གྱིས་ཀླད་པའི་ཁྲག་རྩ་བརྡོལ་ནས་དྲན་པ་འཐོར། མྱུར་སྐྱོབ་བྱས་རུང་ནུས་པ་མ་ཐོན་པར་ལོ་43ལས་སླེབས་མེད་པའི་ཁོང་2019ལོའི་ཟླ་དང་པོར་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད། ནད་ལོག་མ་བརྒྱབ་གོང་ཞིས་ཧྲེ་མིང་གིས་ད་དུང་ཁོང་གི་ལས་རོགས་ཚོར་གཟའ་མཇུག་ཏུ“སེ་འབྲུ་ཆུང་ཆུང”ལ་ལྟ་བར་འགྲོ་དགོས་ཞེས་ཁ་ཏ་བྱས།
     ཞིས་ཧྲེ་མིང་སེམས་འཁྲེང་སའི“སེ་འབྲུ་ཆུང་ཆུང”ནི་ཡུ་གུར་རིགས་ཀྱི་བུ་མོ་ཆུང་ཆུང་ཞིག་རེད། 2017ལོའི་ཟླ་4པར་སྦྲུམ་མ་མཱ་དབྱི་མུའུ་ཉི་ཧན་ཁྲག་ཤེད་ཧ་ཅང་དམའ་རུང་སྨན་བཅོས་བྱེད་པའི་དངུལ་མེད་པས་ཞིས་ཧྲེ་མིང་གིས་ཤིན་སྐྱོར་ལས་དོན་ཚོགས་ཆུང་གི་ནང་ཁུལ་དུ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས་མཱ་དབྱི་མུའུ་ཉི་ཧན་ལ་དཀའ་གནད་ལས་སྒྲོལ་རོགས་བྱས་པ་མ་ཟད། ཕྲུ་གུ་བཙས་རྗེས་དེའི་མིང་ལ“སེ་འབྲུ་ཆུང་ཆུང”ཞེས་བཏགས། དེར་མི་རིགས་མཐུན་སྒྲིལ་སེ་འབྲུའི་འབྲུ་གུ་བཞིན་གཅིག་ཏུ་སྒྲིལ་བའི་དོན་གོ་རྒྱུ་ཡོད།
     “སློབ་སྐྱོར་ལས་ང་ཚོར་བོད་དུ‘གཉེན་ཉེ’མང་པོ་ངོ་ཤེས་བྱུང”དེ་ནི་ཧུའུ་པེའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་ཁག་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་གི་རུ་མི་ཚོའི་མྱོང་བ་རེད།
     བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པའི་འཕྱོངས་རྒྱས་རྫོང་ལ་དགེ་རྒན་ཧ་ཅང་དཀོན་པོ་ཡོད། 2014ལོར་ཧུའུ་པེ་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་གཞུང་ལས་ཁང་དང་ཧུའུ་པེའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་ཁག་སློབ་གླིང་གིས་སློབ་རའི་ནང་གི་སློབ་ཆེན་སློབ་མའི་དང་བླངས་པ་ཕུལ་བྱུང་བདམས་ཏེ་འཕྱོངས་རྒྱས་རྫོང་གི་སློབ་གྲྭ་འབྲིང་ཆུང་དུ་ཁ་གཏད་སློབ་སྐྱོར་བྱེད་པར་མངགས་རྒྱུའི་ཐག་བཅད། དང་ཐོག་མའི་ལོ་རེར་ཁག་ཐེངས་རེ་ནས་རྗེས་ཀྱི་ལོ་རེར་ཁག་ཐེངས་གཉིས་བར་ཧུའུ་པེའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་ཁག་སློབ་གླིང་གིས་རིམ་རྩིས་བྱས་ན་སློབ་སྐྱོར་རུ་མི་ཁག་8ཀྱི་མི་ཐེངས་37མངགས་པ་དང་། སློབ་སྐྱོར་རུ་མི་མང་པོ་ཞིག་སློབ་མཐར་ཕྱིན་རྗེས་བོད་དུ་ལས་ཀ་བྱེད་པར་བསྐྱོད་ཡོད། བརྩེ་བ་ཟབ་པའི་མཛའ་གྲོགས་ནི་མཛེས་སྡུག་ལྷག་པར་བཀྲ་བའི་སྐལ་བཟང་མེ་ཏོག་དང་གཉིས་སུ་མ་མཆིས།
     བློ་གཅིག་སེམས་གཅིག་གིས་ལེགས་སྐྱེས་ཕུལ། 
     མཐའ་སྐྱོར་བྱ་གཞག་དེ་བླ་ན་མེད་པའི་འགན་འཁྲིར་བརྩིས་པ།
     འདི་ལོ་ལོ་59ལ་སླེབས་པའི་ཀུའོ་ཀུའེ་ཧྥང་ནི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཧྲི་ལྔ་པའི་མཐོ་རིམ་སློབ་འབྲིང(ཧོང་ཀང་སློབ་འབྲིང་གི་ཧྲི་ལྔ་པའི་ཡན་ལག་སློབ་གྲྭ)གི་སློབ་སྤྱི་ཡིན་ཞིང་། 2014ལོའི་ཟླ་8པ་ནས་བཟུང་། ཁོང་གིས་ཤིན་ཅང་དུ་ལས་ཀ་ལོ་5ཙམ་བྱས། ཞོགས་པ་ཁོང་གིས་མཁའ་རླུང་གཙང་མའི་ཁྲོད་སློབ་མ་ཚོ་དང་མཉམ་དུ་ལུས་སྦྱོང་ལ་འགྲོ་བ་དང་དགོང་མོ་སློབ་མ་ཚང་མ་གཉིད་དུ་ཡུར་རྗེས་གཞི་ནས་རང་ཁྱིམ་དུ་ལོག་འགྲོ་གི་ཡོད། ཁོང་གིས་རྟག་ཏུ་ང་རང་རྒན་ཡོལ་མ་ཞུས་བར་དེ་གར་ལས་ཀ་བྱས་ནས་སྡོད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད།
     2016ལོའི་ཟླ་7པར། སྐབས་དེ་དུས་ཀྱི་ཀྲུང་གོ་སྒུལ་བདེ་ཅང་སུའུ་ཀུང་སི་ལེན་ཡུན་ཀང་ཡན་ལག་ཀུང་སིའི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏོན་ཡུས་ཕིང་བོད་དུ་བསྐྱོད་དེ་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་དྲུང་ཆེ་གཞོན་པ་དང་སྒེར་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་འཁུར། ཉིན་མཚན་1000ལྷག་ཙམ་རིང་ཏོན་ཡུས་ཕིང་གིས་དཀའ་སྤྱད་འབད་འཐབ་བྱས་ཏེ་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་དེ་བས་མང་བ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་བྱས་ནས་སྒེར་རྩེ་རྫོང་གི་ཕྱུག་འགྱུར་ཆེད་རྨང་གཞི་བཏིང་ཡོད།
     2010ལོའི་ཟླ་7པར་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་ཡིན་པའི་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་སྨན་ཁང་བུད་མེད་དང་བུ་བཙའ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ལུའོ་མོང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་པར་ཡོང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ནུས་ཡོད་ཚད་ནད་པར་བཞག་སྟེ་ལག་ཐོགས་ཁ་པར་ཡང་ཆུ་ཚོད་24ཡི་རིང་ཁ་ཕྱེ་ཡི་ཡོད། དཀའ་ལས་ག་ཚོད་ཡོད་རུང་ཁོང་གིས་ཉིན་ལྟར་ནད་སྐོར་རྒྱག་པར་འགྲོ་བ་མ་ཟད། ནད་པ་ཚབས་ཆེ་བ་ཡོད་སྐབས་དེ་བས་ཀྱང་ཡང་ཡང་ལྟ་བར་འགྲོ་གི་ཡོད།
     “ངའི་སེམས་པ་མངའ་རིས་སུ་ཆགས་ཡོད་ལ་དེ་གར་ང་དགོས་མཁོ་ཆེན་པོ་ཡོད”བོད་སྐྱོར་ལས་དོན་མཇུག་འགྲིལ་ནས་ཧྲའན་ཤིས་སུ་ལོག་རྗེས་ཁོང་གིས་རྟག་ཏུ་རེ་སྒུག་བྱེད་བཞིན་པའི་མངའ་རིས་ཀྱི་ཡུལ་མི་ཚོ་ཡིད་ལ་ལྷང་ངེར་དྲན་གྱི་ཡོད། དེས་ན་2018ལོའི་ཟླ་3པར། ལུའོ་མོང་སླར་ཡང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་པར་བསྐྱོད།
     འོ་ཆུ་གཅིག་ཏུ་འདྲེས་པ་ལྟར་གྱི་བརྩེ་བ་བཅངས། 
     སྤུན་ཟླའི་དགོས་མཁོ་ལས་འགན་དུ་བརྩིས་པ།
     ལོ་གཉིས་ལྷག་ཙམ་གྱི་གོང་ཀོང་ཏུང་ཀྲུའུ་ཧའེ་ཡི་སྨན་པ་ཀོན་ཡན་ཕིང་ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་པིང་ཀྲུང་ལུའོ་གྲོང་རྡལ་དུ་བསྐྱོད་དེ། གྲོང་ཚོ་དང་དུད་ཚང་ཁག་ཏུ་གྲོང་མི་ཚོར་གཟུགས་པོ་བརྟག་དཔྱད་བྱས་པ་དང་། ཡིག་ཚགས་བཟོས་པ། ནད་གཞི་བཅོས་པ་མ་ཟད། རི་མཐོ་གྲོག་རོང་ཁྲོད་ཀྱི་གྲོང་ཚོ་དང་ཚོགས་ཆུང་46ཏུ་ཐེངས་བཞི་བསྐྱོད།
     གསར་འགོད་པ་དེ་སྔོན་ཀོན་ཡན་ཕིང་དང་མཉམ་དུ་གྲོང་ཚོར་ཕྱིན་པ་ཡིན། གྲོང་ཚོར་སྐྱོད་པའི་རི་ལམ་བྲག་རི་གཡང་གཟར་སྟེང་གནས་པས་དྲེལ་བསྐྱོད་ཤུལ་གྱི་ཀོང་སྟོང་དུ་རྐང་ལག་བཞི་ཀ་བཙུགས་ན་མ་གཏོགས་འགྲོ་ཐུབ་ཀྱི་མེད།
     དེ་ལྟར་ཀོན་ཡན་ཕིང་དང་ལས་རོགས་ཚོ་མཉམ་དུ་སྙིང་པར་དང་། སྨན་བཅོས་ལག་སྒམ། རྒྱུན་སྤྱོད་སྨན་སོགས་འཁྱེར་ཏེ་ལ་བརྒྱབ་ནས་རི་ཁུལ་དུ་ཐེངས་300ལྷག་ཙམ་བསྐྱོད་ནས་ནད་པ་མི་ཐེངས་3000ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་གྲོང་མི་མི་ཐེངས་ཁྲི་1ལྷག་ཙམ་ལ་གཟུགས་པོ་བརྟག་དཔྱད་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱིས“སླེལ་འཁུར་སྨན་པ་ཡག་ཤོས”ཞེས་འབོད་ཀྱི་ཡོད།
     2014ལོའི་ཟླ་7པར་ཨན་ཧུའེ་ཡི་བོད་སྐྱོར་ཁྲིམས་རྩོད་པ་བུད་མེད་ཐོག་མ་དེ་ཡིན་པའི་ཁྲེན་ཤན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་སླེབས། མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ཁོང་གིས་དཀའ་ངལ་ཁྱད་བསད་ངང་ནུས་ཤུགས་ཡོད་རྒུས་ལས་ཀའི་ཁྲོད་ཞུགས།
     2014ལོ་ནས་བཟུང་། ཁྲེན་ཤན་གྱིས་སྔ་རྗེས་སུ་བོད་ལྗོངས་དང་། ནང་སོག ཤིན་ཅང་བཅས་སུ་བསྐྱོད་དེ་མཐའ་མཚམས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱས།