འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎རྒྱ་བོད་དཔར་མའི《དེང་རབས་རྒྱ་ཡིག་ཉེར་སྤྱོད་ཚད་ལྡན་ཚིག་མཛོད》ཀྱི་རྩོམ་སྒྱུར་དཔེ་སྐྲུན་ལས་དོན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། བོད་རིགས་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་པེ་ཅིང་དུ་རྒྱ་བོད་དཔར་མའི《དེང་རབས་རྒྱ་ཡིག་ཉེར་སྤྱོད་ཚད་ལྡན་ཚིག་མཛོད》ཀྱི་རྩོམ་སྒྱུར་དཔེ་སྐྲུན་ལས་དོན་འགོ་ཚུགས་པ་རེད།
     གསར་འགོད་པར་རྒྱ་ཡིག་དཔེ་སྐྲུན་ཁང་གིས་ཚེས་20ཉིན་པེ་ཅིང་དུ་འཚོགས་པའི་ཚིག་མཛོད་འདིའི་རྩོམ་སྒྱུར་དཔེ་སྐྲུན་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་སྤྱི་སྐད་མི་རིགས་ས་ཁུལ་དུ་ཁྱབ་གདལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོར་སྐུལ་འདེད་གཏོང་བ་དང་ལྷག་དོན་དུ“ཁུལ་གསུམ་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པའི་འགག་རྩའི་དུས་སུ་སླེབས་པས། སྐད་དང་ཡི་གེའི་ཁྱབ་ཁོངས་སུ་ཞབས་ཞུ་གསར་པ་དང་ཐོན་ཁུངས་གསར་པ་མཁོ་འདོན་གང་ཐུབ་བྱས་ཏེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད། རྒྱ་བོད་དཔར་མའི《དེང་རབས་རྒྱ་ཡིག་ཉེར་སྤྱོད་ཚད་ལྡན་ཚིག་མཛོད》འདི་ནི《དེང་རབས་རྒྱ་ཡིག་ཉེར་སྤྱོད་ཚད་ལྡན་ཚིག་མཛོད》ཀྱི་རྨང་གཞིའི་སྟེང་རྩོམ་སྒྱུར་བྱས་པ་ཞིག་ཡིན་པ་དང་། སྔོན་དཔག་ལྟར་ན་ལོ་གཉིས་ནས་གསུམ་བར་ལེགས་གྲུབ་ཐུབ་རྒྱུ་རེད།
     འདི་ལོའི་ཟླ་དང་པོར། རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱི་མཛུབ་ཁྲིད་དང་སློབ་གསོ་པུའི་རྒྱུགས་ལེན་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག སྐད་ཡིག་དཔེ་སྐྲུན་ཁང་གིས《དེང་རབས་རྒྱ་ཡིག་ཉེར་སྤྱོད་ཚད་ལྡན་ཚིག་མཛོད》དཔེ་སྐྲུན་བྱས་ཡོད། ཚིག་མཛོད་འདིས་གོ་ཆོད་རང་བཞིན་དང་ཚད་ལྡན་རང་བཞིན་ལ་མཐོང་ཆེན་བྱས་པ་དང་། 《རྒྱུན་སྤྱོད་ཚད་ལྡན་གྱི་རྒྱ་ཡིག་རེའུ་མིག》ནང་གི་རྒྱ་ཡིག་8105ཆ་ཚང་བཀོད་པ་དང་། དེང་རབས་རྒྱ་སྐད་ཀྱི་རྒྱུན་སྤྱོད་ཚིག་40000ཙམ་བསྡུ་ལེན་བྱས་པ། ནོར་སླ་བའི་ཡི་གེ་དང་ཚིག་གི་ཀློག་སྟངས་དང་། འབྲི་སྟངས། ནང་དོན། སྤྱོད་ས་སོགས་3000ཙམ་གསལ་སྟོན་བྱས་པ། དོན་གཅིག་མིང་གི་རྣམ་གྲངས་དང་འབྲེལ་ཡོད་ཐ་སྙད་2000ལྷག་ཙམ་ལ་དབྱེ་ཞིབ་བཅས་བྱས་ཡོད།