འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎ཕྱི་རྒྱལ་གྱི་མ་དངུལ་གཏོང་ཕྱོགས་ལས་ཀྲུང་གོའི་དཔལ་འབྱོར་གྱི་ཡིད་དབང་འཕྲོག་ཤུགས་གསལ་འགྲེལ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ལོ་སྟོད་ཀྱི་ཀྲུང་གོའི་དཔལ་འབྱོར་ལོ་གོང་མའི་དུས་མཚུངས་ལས་6.3%འཕར་ནས་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་བྱུང་ཡོད། གླེང་རིན་ཡོད་པ་ཞིག་ནི་གྲངས་གཞི་གསར་ཤོས་དང་སྙན་ཞུ་མང་པོའི་ཐོག་ནས་སྲུང་སྐྱོང་རིང་ལུགས་མཆེད་པ་དང་། རྒྱལ་སྤྱིའི་ཚོང་དོན་འཕེལ་འགོར་དུ་སོང་བ། གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་མ་འཇོག་ལོ་བསྟུད་མར་ཆག་པའི་སྐབས་འདིར་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཤུགས་ཆེ་རུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་ཡིད་དབང་འཕྲོག་ཤུགས་ལ་གསལ་འགྲེལ་ནུས་ལྡན་ཐུབ་ཡོད།
     མའེ་ཁེན་ཞི་གོ་ལ་ཧྲིལ་པོའི་ཞིབ་འཇུག་ཁང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་། ཀྲུང་གོ་ཉིད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་ཚོང་དོན་རྒྱལ་ཁབ་ཆེན་པོ་ཞིག་ལ་གྱུར་ཡོད། འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་ལ་རྟེན་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཨ་རིའི་མ་འཇོག་དོ་དམ་ཀུང་སི་ཅིན་ཧྲུན་མ་རྐང་ཚོད་འཛིན་གྱི་བརྟག་ཞིབ་སྙན་ཞུའི་ནང་ཤེས་རྟོགས་བྱུང་བར། གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་དང་རྒྱལ་ཁབ་ཀྱི་ཐེབས་རྩས་ཀྲུང་གོར་མ་འཇོག་བྱེད་ཚད་ཉིན་རེ་བཞིན་ཆེ་རུ་སོང་ཡོད། ཀྲུང་གོ་ཚོང་དོན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཀྲུང་གོར་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི་2ལྷག་ཙམ་ཟིན་པ་དང་། ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་4783.3དངོས་སུ་བེད་སྤྱོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་འཕར་ཚད་7.2%ཟིན་པ་སོགས་གྲངས་གཞིའི་སྙན་ཞུ་འདི་དག་ལས་ཀྲུང་གོར་གོ་ལ་ཧྲིལ་པོས་མ་རྩ་གཏོང་བའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་མཚོན་ཡོད།
     ཀྲུང་གོའི་དཔལ་འབྱོར་གྱི་ཡིད་དབང་འཕྲོག་ཤུགས་ནི་དང་ཐོག་རྒྱལ་ནང་གི་འཛད་སྤྱོད་ཁྲོམ་ར་འབོར་ཆེན་ལྡན་པས་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་ཀྱི་ཀྲུང་གོའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་8.4%འཕར་ནས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་19.5ཟིན་ཡོད།
     མི་འབོར་དུང་ཕྱུར་14ཙམ་ཡོད་པའི་ཁྲོམ་ར་ཆེན་པོ་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་དུང་ཕྱུར་4ཡོད་པའི་ཉོ་ཤུགས་ཆེན་པོ་ལྡན་པ་དེས་ཀྲུང་གོའི་དཔལ་འབྱོར་ལ་སེམས་ཤུགས་ཆེན་པོ་ཞིག་སྦྱིན་ཡོད་པ་དེ་ནི་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་བསྡུར་ཐབས་བྲལ་བ་ཞིག་རེད། མའེ་ཁེན་ཞིའི་གོ་ལ་ཧྲིལ་པོའི་དོ་དམ་རོགས་ཟླ་ཁའེ་ཝུན·སི་ནའེ་ཏེས། འཛམ་གླིང་ལ་ཀྲུང་གོའི་ཁྲོམ་ར་དགོས། “གང་ཡིན་ཟེར་ན། ཀྲུང་གོའི་རྒྱལ་ནང་གི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེན་པོ་ཡོད་པ་མ་ཟད། ད་དུང་ལོ་ལྟར་རྒྱུན་ཆད་མེད་པར་མང་དུ་དང་རྒྱ་ཆེ་རུ་འགྲོ་བཞིན་ཡོད”ཅེས་བརྗོད།
     ཀྲུང་གོའི་དཔལ་འབྱོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་འགྲོ་བའི་རྒྱུ་མཚན་གཞན་ཞིག་ནི། ཀྲུང་གོས་རྒྱུན་ཆད་མེད་པར་སྒོ་དབྱེ་རྒྱ་ཆེར་གཏོང་བའི་དད་སེམས་དང་ཆོད་སེམས་ལས་བྱུང་བ་ཞིག་རེད། འདི་ལོ་ནས་བཟུང་། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་སྔ་རྗེས་སུ་བཏོན་པ་དང་། རྒྱལ་ཡོངས་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཁུ་བསྡུ་བྱས་པ། སྒོ་དབྱེའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་བ། རྒྱལ་ཡོངས་སུ་ལས་ཟློས་ཆོག་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཁག་ལྔ་པའི་སྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་སོགས་སྒོ་དབྱེའི་བྱེད་ཐབས་ཁག་18ཁྱབ་གདལ་བཏང་ཡོད། ཟླ་དྲུག་པའི་ཟླ་མཇུག་ཏུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཏ་པན་དབུ་ཚོགས་ཐོག་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་སླར་ཡང་ཡོངས་བསྒྲགས་བྱས་པ་སྟེ། ཁྲོམ་ར་སྔར་བས་སྒོ་དབྱེ་དང་རང་འགུལ་ངང་ནང་འདྲེན་བྱ་ཤུགས་ཆེ་རུ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད།
     “ཀྲུང་གོས་མུ་མཐུད་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་བྱེད་རྒྱུའི་ཡིད་ཆེས་ང་ཚོར་ཡོད་ལ། ཀྲུང་གོའི་འབྱུང་འགྱུར་ལའང་ཡིད་ཆེས་ཡོད”ཅེས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་གཅིག་ལྕོགས་ཁེ་ལའོ་སི·ཧྲི་ཝ་པུ་ཡིས་གདེང་འཇོག་འདི་ལྟར་བྱས་པ་རེད།