འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་22ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨོ་མོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་
དྲག་སྤྱོད་པས་ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་སྐོར་འགོག་བྱས་པའི་ཐད་
ལ་སྐྱོན་བརྗོད་དྲག་པོ་བྱེད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་22ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་གཞུང་དོན་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་དྲག་སྤྱོད་པ་ཁ་ཤས་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་སྐོར་འགོག་བྱས་པའི་དོན་དག་ཐད་ལ་གཏམ་བཤད་སྤེལ་ནས། འབྲེལ་ཡོད་སྤྱོད་ངན་ལ་སྐྱོན་བརྗོད་དྲག་པོ་བྱས་པ་རེད། 
    མགྲིན་ཚབ་པས་བཤད་དོན། ཚེས་21ཉིན་གྱི་དགོང་མོར་དྲག་སྤྱོད་པ་ཁ་ཤས་ཀྱིས་ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་སྐོར་འགོག་བྱས་ཤིང་། ལས་ཁུངས་དེའི་ཁང་པའི་སྒོ་ཁ་རུ་བཀལ་ཡོད་པའི་རྒྱལ་རྟགས་ལ་ཁ་མདོག་ནག་པོའི་བཀྲག་རྩི་མདེའུ་འཕེན་པ་དང་། ཕྱི་རོལ་གྱི་གྱང་ངོས་ལ་བརྙན་བཅོས་རང་བཞིན་གྱི་ཡི་གེ་བཀོད་པ་མ་ཟད། ད་དུང་གཞུང་ལས་ཁང་གི་ཁང་པའི་ནང་འཛུལ་རྒྱུའི་འཆར་འགོད་བྱས། བྱ་སྤྱོད་འདི་རིགས་ནི་མངོན་སུམ་འཛེམ་མེད་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ལ་འགྲན་སློང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་མཐའ་ཚད་ལ་ཐུག་པས། ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པས། དེ་ལ་བཟོད་བསྲན་གཏན་ནས་བྱེད་ཐབས་མེད། ཤང་ཀང་གི་ཉེན་རྟོག་པས་དུས་ཐོག་ཏུ་འབྲེལ་ཡོད་བྱ་སྤྱོད་སྤེལ་བ་ནི་ཧ་ཅང་གལ་ཆེན་ཡིན། ང་ཚོས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཁྲིམས་ལྟར་དགོས་ངེས་ཀྱི་བྱེད་ཐབས་ལག་བསྟར་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཤང་ཀང་བཅའ་སྡོད་ཀྲུང་དབྱང་ལས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་། ཤང་ཀང་གི་ཁྲིམས་སྐྱོང་སྲུང་འཛིན་དང་། ཁྲིམས་འགལ་པ་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་བཤད།