འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་22ཉིན།

༄༅༎མི་གཅིག་ཀྱང་རི་རྩེར་འཛེགས་མ་མྱོང་བའི་ཁ་བ་དཀར་པོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་22ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མི་གཅིག་ཀྱང་རི་རྩེར་འཛེགས་མ་མྱོང་བའི་ཁ་བ་དཀར་པོ།
     མི་དམངས་དྲ་བའི་འཕྲིན། སྨན་རི་གངས་རི་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་རྒྱུགས་”ཀྱི་མཛེས་ལྗོངས་གཙོ་བོའི་གྲས་ཤིག་ཡིན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ནུབ་ཀྱི་སྤྱི་ལེ་20ཙམ་གྱི་འཕྲེད་བཅད་རི་རྒྱུད་ཀྱི་དཀྱིལ་དུ་གནས་པ་དང་། རྒྱལ་མོ་རྔུལ་ཆུ་དང་གླ་ཆུའི་དབར་གནས་ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ཡན་ཡོད་པ་རེད།
     སྨན་རི་གངས་རིའི་མིང་གཞན་ལ“རྒྱལ་སྲས་རི་རྩེ་བཅུ་གསུམ་པ”ཟེར་གྱི་ཡོད་པ་དང་། རི་རྩེ་གཙོ་བོ་ཁ་བ་དཀར་པོ་ནི་ཆེས་མཐོ་ཤོས་ཀྱི་རི་རྩེ་དེ་ཡིན་ཞིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6740ཡོད་པ་དང་། རི་རྩེ་ནི་བརྗིད་ཉམས་ལྡན་པའི་མཆོད་རྟེན་ཞིག་དང་འདྲ་ལ། ཡུན་ནན་གྱི་རི་བོ་ཆེས་མཐོ་ཤོས་དེ་ཡིན། ཁ་བ་དཀར་པོའི་ཤར་ངོས་སུ་གནས་པའི་མིང་ཡུང་འཁྱགས་རོམ་ནི་འཕྲེད་བཅད་རི་བོའི་ཁུལ་གྱི་ས་བབ་དམའ་ཤོས་ཀྱི་དུས་རླུང་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཞིག་ཡིན་པ་རེད།
     དབྱར་ཁ་དང་སྟོན་ཁའི་ཆར་པ་མང་བའི་དུས་ཚིགས་སུ་གངས་ཆར་གློ་བུར་དུ་འབབ་ཀྱི་ཡོད་པས། གངས་རི་ནི་རྟག་ཏུ་སྨུག་སྤྲིན་གྱིས་འཁྲིགས་ཤིང་། སྐབས་འགར་སྨུག་སྤྲིན་ཁྲོད་ནས་མངོན་པས། ངོ་མཚར་གྱི་སྣང་བ་ཞིག་སྟེར་གྱི་ཡོད། སྐབས་དེ་དུས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བས་ཁ་བ་དཀར་པོའི་བརྗིད་ཉམས་མཇལ་པས་ན་དགའ་ཚོར་ཆེན་པོ་སྐྱེས་སྲིད། ཉིན་གུང་གི་དུས་སུ། ནམ་མཁའ་དྭངས་ནས་སྤྲིན་སྨུག་རིམ་བཞིན་དུ་འཐོར་ལ། སྨན་རི་གངས་རི་རིམ་བཞིན་མངོན་ཡོང་། དེའི་རི་རྩེ་སོ་སོའི་བཟོ་ལྟ་རྣམ་པ་སྣ་ཚོགས་ཡོད་པ་དང་། བརྗིད་ཉམས་ལྡན་ཞིང་། སེམས་འགུལ་ཐེབས་པ་ཞིག་ཡོད་པས་ལྷ་ཡི་ཆོ་འཕྲུལ་ལས་གྲུབ་པ་དང་གཉིས་སུ་མ་མཆིས།
     ས་གནས་དེ་གའི་མི་རྣམས་ཀྱིས་སྨན་རི་གངས་རི་མཇལ་བའི་དུས་ཚིགས་ཡག་ཤོས་ནི་ཟླ་10པ་ནས་ཕྱི་ལོའི་ཟླ་5པའི་བར་ཡིན་པ་དང་། དུས་ཚོད་ཡག་ཤོས་ནི་ཟླ་10པའི་ཟླ་མཇུག་ཡིན་པས་དེའི་སྐབས་གནམ་གཤིས་དྭངས་ཤིང་། མཁའ་རླུང་གཙང་བས་རྟག་ཏུ་ཁ་བ་དཀར་པོ་མཇལ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད། ཁ་བ་དཀར་པོས་དེའི་མཐོན་པོ་སྤྲིན་ལ་ཟུག་པའི་བརྗིད་ཉམས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་རི་འཛེག་མཁན་མང་པོའི་ཡིད་དབང་བཀུག་གི་ཡོད་པ་རེད། འོན་ཀྱང་དུས་རབས་20པའི་དུས་འགོ་ནས་ད་བར་གྱི་གཞི་ཁྱོན་ཆེ་བའི་རི་འཛེགས་བྱེད་སྒོ་ཚང་མ་ཕམ་ཁའི་ངང་མཇུག་འགྲིལ་བ་རེད། 1996ལོར་རྒྱལ་ཁབ་ཀྱིས་སྨན་རི་གངས་རིར་འཛེགས་རྒྱུ་གཏན་འགོག་བྱས་པ་རེད།
【1】  【2】  【3】  【4】
༄༅༎མི་གཅིག་ཀྱང་རི་རྩེར་འཛེགས་མ་མྱོང་བའི་ཁ་བ་དཀར་པོ།