འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་22ཉིན།

༄༅༎རྒྱལ་སྤྱིའི་སྒྲིག་གཞིས་མ་འོངས་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་དམའ་པོ་རྒྱུན་འཁྱོངས་
ཐུབ་པའི་སྔོན་དཔག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་22ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(དཔལ་འབྱོར་མཉམ་ལས་རྩ་འཛུགས)དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(འབྲུ་ཞིང་རྩ་འཛུགས)ཀྱིས་རོ་མར་མཉམ་དུ་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ་སྔོན་དཔག་བྱས་དོན། གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་འཕར་ཚད་དེ་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོའི་འཕར་ཚད་ལས་ཅུང་མཐོ་བ་ཡོད་པས་མ་འོངས་ལོ་བཅུའི་ནང་དངུལ་ལོར་འགྲེམས་ཐལ་ཤོར་བ་ལེགས་སྒྲིག་བྱས་རྗེས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་མིག་སྔའི་ཆུ་ཚད་རྒྱུན་འཁྱོངས་བྱེད་པའམ་ཡང་ན་དེ་ལས་དམའ་རུ་འགྲོ་རྒྱུ་རེད།
     སྙན་ཞུའི་ནང་སྔོན་དཔག་བྱས་དོན། 2019ལོ་ནས་2028ལོ་བར་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་15%འཕར་རྒྱུ་དང་ཞིང་ལས་ཐོན་སྐྱེད་ཀྱི་འཕར་ཚད་15%ལས་ཅུང་མཐོ་རུ་འགྲོ་རྒྱུ་རེད།
     སྙན་ཞུའི་ནང་བསྟན་དོན། མ་འོངས་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ལ་སྔར་བཞིན་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་འཕྲད་རྒྱུ་དང་དེའི་ནང་ཚོང་དོན་གྱི་དུས་བབ་ཛ་དྲག་པའི་རྙོག་དྲ་དང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་མཆེད་པ། སྐྱེ་དངོས་ཕྲ་རབ་འགོག་པའི་སྨན་རྫས་ཀྱི་སྨན་དྲེད་ནུས་པ་ཆེ་རུ་སོང་བ་བཅས་ཚུད་ཡོད།
     སྙན་ཞུའི་ནང་ངོས་འཛིན་བྱས་དོན། གོ་ལ་ཧྲིལ་པོའི་ནང་འདྲེན་དགོས་མཁོ་འཕར་ཚད་ཆག་འགྲོ་བའི་རྐྱེན་གྱིས་མ་འོངས་ལོ་བཅུའི་ནང་ཞིང་ལས་དང་ཉ་ལས་ཀྱི་ཚོང་ཟོག་ཚོང་དོན་ལོར་འཕར་ཚད་སྔོན་དཔག་བྱས་ན་1.3%ཙམ་ཟིན་རྒྱུ་ཡིན་པས་འདས་ཟིན་པའི་ལོ་བཅུའི་རིང་གི་3.3%གྱི་ལོའི་ཆ་སྙོམས་འཕར་ཚད་ལས་དམའ་རུ་འགྲོ་རྒྱུ་རེད།