འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་《ཀྲུང་གོ་དང་དབྱིན་ཇིའི་མཉམ་
འབྲེལ་གསལ་བསྒྲགས》དང་འབྲེལ་བའི་ཐད་རྣམ་འགྱུར་གླེང་ནས། དབྱིན་ཇི་རྟོགས་སད་
ཡོང་བའི་རེ་བ་བསྟན། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། དབྱིན་ཇི་ཕྱོགས་ཀྱིས་སྔར་བཞིན་《ཀྲུང་གོ་དང་དབྱིན་ཇིའི་མཉམ་འབྲེལ་གསལ་བསྒྲགས》ལ་བརྟེན་ནས་ཤང་ཀང་གི་ལས་དོན་དག་ཐད་ཀྱི་ “དབང་ཆ་”བརྗོད་པའི་འཆར་གཞི་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས། 1997ལོའི་ཟླ་7ཚེས་1ཉིན་ནས་བཟུང་། དབྱིན་ཇི་ཕྱོགས་ལ་ཤང་ཀང་དུ་དབང་ཆ་ཅི་ཡང་མེད་པས་དབྱིན་ཇི་ཕྱོགས་རྟོགས་སད་ཡོང་ཐུབ་པའི་རེ་བ་ཡོད་ཅེས་བཤད། དུས་མཉམ་དུ་ཁོང་གིས་དབྱིན་ཇི་ཕྱོགས་ལ་དོན་དངོས་ཀྱི་བྱ་སྤྱོད་ནས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་ཕྱོགས་ཆེ་ས་ནས་སྲུང་སྐྱོང་བྱེད་པའི་ལྷག་བསམ་མངོན་པ་བྱེད་དགོས་པའི་འབོད་སྐུལ་བྱེད། 
     ཉིན་དེའི་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། གསར་འགོད་པ་ཞིག་གིས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་མེ་ཡིས་ཚེས་17ཉིན་ཁོང་མོའི་འགན་འཁྲི་མ་བཞག་གོང་གི་གཏམ་བཤད་མཐའ་མའི་ཐོག་བཤད་དོན། ཀྲུང་གོ་དང་དཔལ་འབྱོར་འབྲེལ་བ་ཡག་པོ་བཟུང་བའི་རེ་བ་ཡོད་པ་བསྟན། ཡིན་ནའང་སྔར་བཞིན་《ཀྲུང་གོ་དང་དབྱིན་ཇིའི་བར་གྱི་མཉམ་འབྲེལ་གསལ་བསྒྲགས》ཀྱི་གནད་དོན་ཐད་རྣམ་འགྱུར་སྟོན་རྒྱུ་ཡིན་ཟེར། ཕྱི་འབྲེལ་པུའུ་ཡིས་དེའི་ཐད་ལ་ལན་ཅི་ཞིག་སྤྲད་རྒྱུ་ཡིན་ནམ་ཞེས་དྲིས་པ་ལ།
     ལུའུ་ཁང་གིས། ཀྲུང་གོ་དང་དབྱིན་ཇི་བར་གྱི་“རྫོགས་ལྡན་དུས་རབས” འབྲེལ་བ་སྲུང་འཛིན་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་གཅིག་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ཞིག་རེད། གལ་ཏེ་ཐུན་མོང་གི་ངོས་འཛིན་འདི་ལ་བརྟེན་ནས། ཐུན་མོང་ངང་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་སྐུལ་འདེད་ལ་འབད་ན། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ངེས་པར་མཐུན་པ་ཡོད། “ཡིན་ནའང་ཐད་ཀར་བཤད་ན། འདི་ལ་དབྱིན་ཇི་ཕྱོགས་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་ལས་ཀྲུང་གོ་དང་དབྱིན་ཇིའི་བར་གྱི་འབྲེལ་བ་སྲུང་འཛིན་བྱེད་པའི་ལྷག་བསམ་མངོན་པ་བྱེད་དགོས”ཞེས་བཤད། 
དབྱིན་ཇི་ཕྱོགས་ཀྱིས་སྔར་བཞིན་《ཀྲུང་གོ་དང་དབྱིན་ཇི་མཉམ་འབྲེལ་གསལ་བསྒྲགས》ལ་བརྟེན་ནས་དབྱིན་ཇིས་ཤང་ཀང་གི་ལས་དོན་ཐད་ཀྱི་ “དབང་ཆ་”བརྗོད་པའི་འཆར་གཞིའི་ཐད་ལ། ལུའུ་ཁང་གིས། 1997ལོའི་ཟླ་7ཚེས་1ཉིན་ཤང་ཀང་མེས་རྒྱལ་ནང་ཁུལ་དུ་ལོག་པའི་རྗེས། ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་རེད། ཀྲུང་གོ་སྲིད་གཞུང་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཤང་ཀང་བཅོས་སྐྱོང་བྱེད་སྟངས་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་《ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་》ལ་ཁུངས་གཏུགས་བཞིན་ཡོད། 
“ང་ཚོས་ཡང་ཡང་བཤད་རྒྱུར། 1997ལོའི་ཟླ་7ཚེས་1ཉིན་ནས་བཟུང་། དབྱིན་ཇི་ཕྱོགས་ལ་ཤང་ཀང་དུ་དབང་ཆ་ཅི་ཡང་མེད་ཚར་བས། དབྱིན་ཇི་ཕྱོགས་རྟོགས་སད་ཡོང་བའི་རེ་བ་ཡོད”ཅེས་ལུའུ་ཁང་གིས་བཤད།