འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅།།ཉིང་ཁྲིས་ནགས་ཚལ་གྲོང་ཁྱེར་གཏོད་པའི་ཕྱོགས་སུ་འབད་འཐབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། 2017ལོའི་ཟླ་12པར། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་རྒྱུའི་རེ་འདུན་དངོས་སུ་ཞུས་ཤིང་། ལོ་2ཡང་མ་འགོར་བར“སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་མཐོང་ཐུབ་པ་དང་སྒོ་ཐོན་མ་ཐག་ཡུལ་ལྗོངས་ལ་རོལ་ཐུབ་པ”མངོན་འགྱུར་བྱུང་བས། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་གིས་བརྒྱན་པའི་གྲུབ་འབྲས་བཟང་པོ་ཞིག་བཏོད་པ་སྨོས་མེད་རེད།
    “ནགས་ཚལ་གྲོང་ཁྱེར་གཏོད་པའི”ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ནགས་ལས་ཅུས་ཁུན་མིང་རྩད་ཞིབ་འཆར་འགོད་ཁང་གིས་ལས་དོན་མི་སྣ་སྤྱིའི་འཆར་གཞིའི་བཟོ་འགོད་ལས་དོན་སྤེལ་བར་གདན་འདྲེན་ཞུས། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་གཏོད་པའི་ལས་དོན་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པའི་སྐུལ་སློང་ཚོགས་ཆེན་དང་བརྙན་འཕྲིན་ཁ་པར་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི“ནགས་ཚལ་གྲོང་ཁྱེར་གཏོད་པའི”ལས་དོན་ཐད“འགོ་ཁྲིད་གཙོ་བོ་སྐུ་ངོ་མས་དམ་འཛིན་དང་། གཙོ་འགན་སྡེ་ཚན་གྱིས་ཞིབ་ཕྲའི་དམ་འཛིན། འབྲེལ་ཡོད་སྡེ་ཚན་གྱིས་རོགས་ལས་དམ་འཛིན། གྲོང་ཁྱེར་དང་། རྫོང་། གྲོང་གསེབ་བཅས་ཀྱིས་མཉམ་དུ་དམ་འཛིན”བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཏེ་གོང་འོག་ལ་དམིགས་ཚད་ཡོད་པ་དང་། དམ་འཛིན་བྱ་གཞི་ཡོད་པ། དཔྱད་ཞིབ་ཡོད་པ། སྐུལ་ལྕག་ཡོད་པ་བཅས་ལས་གཏོད་འཛུགས་ལས་དོན་ལ་ལོ་རེ་བཞིན་འགྱུར་ལྡོག་གསར་པ་བྱུང་བ་དང་ལོ་རེ་བཞིན་སྐས་རིམ་གསར་པར་སླེབས་ཡོད།
    “ནགས་ཚལ་གྲོང་ཁྱེར་གཏོད་པ”ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། སྔོ་ཁེབས་མང་དུ་གཏོང་བ་དང་སྔོ་ཁེབས་མེད་སར་རྩི་ཤིང་བཏབ་ནས། ལྗོན་ཤིང་ཁྱོན་མུའུ་50100གསར་དུ་བཏབ་ཡོད། དེའི་ནང་། “ལྗོན་ཤིང་མེད་པའི་ཤང་གྲོང་དང་། ལྗོན་ཤིང་མེད་པའི་གྲོང་ཚོ། ལྗོན་ཤིང་མེད་པའི་སྒོ་རྭ། ལྗོན་ཤིང་མེད་པའི་ཞིང་དུད”བཅས་སུ་ལྗོན་ཤིང་འདེབས་པའི་བྱེད་སྒོ་སྤེལ་ནས་ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”15དང་། “ལྗོན་ཤིང་མེད་པའི་དུད་ཚང”2250ཆ་ཚང་ལ་ལྗོན་ཤིང་བཏབ་པར། འདེབས་ཁྱོན་མུའུ་3300ལྷག་ཙམ་ཟིན་ཡོད། འོས་འགན་ཤིང་འཛུགས་ཤུགས་ཆེན་བྱས་ཏེ་ལྗོན་ཤིང་མུའུ་27800ལྷག་ཙམ་བཏབ་པ་རེད། བོད་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་འདུ་འགོད་ནང་མི་ཐབས་ལ་བརྟེན་ནས་ལྗོན་ཤིང་མུའུ་7700བཏབ་པ་དང་། གྲོང་ཁྱེར་དུ་ནགས་བཟོ་སྔོ་འགྱུར་མུའུ་1100བྱས་པ། ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་བཀག་གསོ་མུའུ་16300ལྷག་ཙམ་ལེགས་སྒྲུབ་བྱས་པ་བཅས་རེད།
     ཉིང་ཁྲི་གྲོང་ཁྱེར་གྱིས་སྔོ་ཁེབས་འདེབས་ཐུབ་སར་འདེབས་གང་ཐུབ་དང་། སྔོ་ཁེབས་མེད་སར་རྩི་ཤིང་འདེབས་པ། སྔོ་ཁེབས་མང་དུ་གཏོང་བ་བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་ཁྱེར་ནང་ཁུལ་དང་མཐའ་སྐོར་དུ་ལྗོན་ཤིང་འདེབས་པ་དང་། གྲོང་ཚོ་དང་གྲོང་རྡལ་དུ་སྔོ་འགྱུར་མཛེས་བཟོ་བྱེད་པ། ལྗང་མདོག་བགྲོད་ལམ་དང་སྣོད་བཅུད་འཁྱམས་རིང་བསྐྲུན་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་དང་གོང་འོག་མཉམ་འགུལ་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”གསོན་ཉམས་དོད་པའི་རི་མོ་ལྟར་གྱི་མཛེས་ལྗོངས་མང་པོ་བསྐྲུན་ཡོད།
     སྔོ་ལྗང་འདི་ཉིད་ཉིང་ཁྲིའི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་ཞིག་ཏུ་གྱུར་པ་དང་། སྣོད་བཅུད་འདི་ཉིད་ཉིང་ཁྲིའི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ཞིག་ཏུ་འགྱུར་བཞིན་ཡོད།