འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་9ཉིན།

༄༅།།རྩྭ་ཐང་སྟེང་དུ་མཚར་སྡུག་མེ་ཏོག་བཞད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་09ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྩྭ་ཐང་སྟེང་དུ་མཚར་སྡུག་མེ་ཏོག་བཞད།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཧྲི་ཆང་དང་ཐེན་ཝུན་ཅེ་ཡིས།
    ཟླ་7པའི་ཟླ་སྟོད་ཀྱི་མཚོ་བོད་མཐོ་སྒང་དུ་རྩི་ཤིང་ལོ་ཏོག་མ་ལུས་ལྗང་ཐིང་ཐིང་དུ་གྱུར་འདུག
    ཟི་ལིང་ནས་ཙོང་ཆུའི་འགྲམ་ནས་ནུབ་ཕྱོགས་སུ་རླངས་འཁོར་ཆུ་ཚོད་ཕྱེད་ཙམ་སོང་རྗེས་མཐོང་ལམ་ཡངས་པོར་གྱུར་ཅིང་། མཐའ་ཡས་པའི་གཡེར་མོ་ཐང་ཞིག་མངོན་པ་དང་རྒྱང་རིང་དུ་མདོ་ལ་རིང་མོའི་མུ་ཁྱུད་ཀྱིས་བསྐོར་བ་དང་། ཉེ་སར་མཐོ་དམའ་སྣ་ཚོགས་ཀྱི་རི་བོ་གཅིག་འཕྲོ་གཅིག་ཏུ་འབྲེལ་བ། གཡའ་དག་པའི་སྔོ་བསངས་ཀྱི་ནམ་མཁའ། ཁྱད་ཆོས་མངོན་པར་གསལ་བའི་སྤང་ལྗོངས་ནེའུ་གསིང་། རི་ཀླུང་ཀུན་ཏུ་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་བཅས་ལས་སྐྱེ་འགྲོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།
     ཡངས་པའི་རྩྭ་ཐང་གི་ཕང་བར་བཟོ་གྲྭ་དང་བཙན་རྫོང་སོགས་ཀྱི་བཟོ་བཀོད་ཁག་གཅིག་རབ་རིབ་ངང་མཐོང་ཐུབ། ཁ་ལོ་བ་ལི་ཧའེ་ཆིང་གིས། འདི་ནི་ལོ་ངོ་བཅུ་ཕྲག་དུ་མའི་གོང་དུ་རང་རྒྱལ་གྱིས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་ཉིང་རྡུལ་མཚོན་ཆ་བཟོ་སའི་རྟེན་གཞི་ཡིན་ལ“ཉིང་རྡུལ་མཚོན་ཆའི་གྲོང”ཟེར་ཞེས་བརྗོད་བྱུང་།
     མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་མ་ཧྥུའུ་མིང་ནི་ལུང་པ་དེ་ནས་རེད། ཁོང་གིས་རང་གི་ཕ་ཁྱིམ་བརྗོད་པ་ལྟར་གསལ་པོར་བཤད་པ་ལྟར་ན། ཉིང་རྡུལ་མཚོན་ཆའི་རྟེན་གཞིའི་གྲས་ཀྱི་ཉིང་རྡུལ་མཚོན་ཆ་ཚོད་ལྟ་བྱ་ཡུལ་གྱི་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གི་མཚོ་སྔོན་པོ་ཤང་ན་ཡོད་པ་དང་1958ལོར་བསྐྲུན་པ་རེད། དེ་དུས་ཀྲུང་གོ་གསར་པའི་ཚན་རིག་མཁས་ཅན་ཆེས་ཕུལ་དུ་བྱུང་བ་ཚོས་དཀའ་ངལ་སྣ་ཚོགས་ལ་མ་འཛེམས་པར་འཛམ་གླིང་ཡོངས་ཧང་སངས་པའི་ཉིང་རྡུལ་མཚོན་ཆ་བདེ་བླག་ངང་བཟོ་ཐུབ་པ་བྱུང་། དུས་རབས་གོང་མའི་ལོ་རབས་90པའི་སྔ་རྗེས་སུ་ཉིང་རྡུལ་མཚོན་ཆའི་རྟེན་གཞི་མཚམས་བཞག་ཅིང་། དེང་སང་ཡུལ་དེ་ནི་ཕྱུགས་ཟོག་འཚོ་ས་ཡག་ཤོས་སུ་སླར་གསོ་བྱུང་བ་དང་། ཤུལ་རྙིང་དེ“     ཉིང་རྡུལ་མཚོན་ཆའི་གྲོང་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་གྱི་རྟེན་གཞི”རུ་བསྐྲུན་ཡོད་པ་རེད།
ཉིང་རྡུལ་མཚོན་ཆའི་རྟེན་གཞིའི་གྲས་ཀྱི་ཉིང་རྡུལ་མཚོན་ཆ་བཀད་སའི་ཚོད་ལྟ་བྱ་ཡུལ་དུ་སླེབས་ཏེ་པར་རིས་རྩ་ཆེན་མང་པོ་དང་། བཙན་རྫོང་ནང་གི་སྒྲིག་ཆས་སྒྲིག་བཀོད། ཨར་འདམ་ལྕགས་རྩིབས་ཀྱི་མཁར་གྱང་ངོས་ཀྱི་འབུར་དོང་བཅས་མཐོང་དུས། ཚོར་འདུ་ལང་ལོང་གཡོ་བ་དང་གུས་སེམས་ཀྱི་སྤུ་ལོང་རྒྱས་འོངས། ཐག་རིང་ལ་བལྟས་ན། ནོར་ནག་ཁྱུ་དང་ཁྱུ་བྱས་ནས་འགྲོ་བ་དང་། རི་ལྡེབས་སུ་གཡང་དཀར་ལུག་ཁྱུས་བག་ཕེབས་ངང་རྩྭ་ལ་རོལ་ཞིང་། མཚམས་རེར་རྫི་བོས་འདོ་རིག་རྟ་ཕོའི་གོང་ནས་སྙན་འགྱུར་ལྡན་པའི་གླུ་ལེན་པའང་ཐོས་ཐུབ།
    མ་ཧྥུའུ་མིང་གིས“ཡུལ་གྲུ་འདིར་སྔོན་ཆད་མིང་ལ་གསེར་དངུལ་ཐང་ཟེར་བ་དང་། གསེར་དངུལ་གྱི་མདངས་ལྡན་པའི་མེ་ཏོག་སྣ་ཚོགས་ལས་དེ་ལྟར་མིང་ཐོགས་པ་ཞིག་རེད་འདུག ནུབ་རྒྱུད་ཀྱི་གླུ་པ་གྲགས་ཅན་ཝང་ལུའོ་པིན་གྱིས་གནས་འདིར་གླུ་གཞས་གྲགས་ཅན《རྒྱང་རིང་གི་ཡུལ་གྲུ་དེ་ན》ཞེས་པ་དེ་བརྩམས་པ་རེད”ཅེས་སྤོབས་པ་དང་བཅས་བཤད་བྱུང་།
     གསེར་དངུལ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1100ལྷག་ཙམ་ཡོད་པས་རྒྱལ་ནང་གི་རྩྭ་ཐང་ལྟ་ན་སྡུག་པའི་གྲས་ལ་བརྩི་གི་ཡོད། ཉིང་རྡུལ་མཚོན་ཆའི་གྲོང་གི་ལྐོག་གྱུར་གྱི་སེང་རས་བཤུས་རྗེས“མདོ་ལའི་འདབས་ཀྱི་ཕྱུགས་ཟོག་འཚོ་ས་ཡག་པོ”རུ་གྱུར་ཅིང་། སོག་རིགས་དང་། བོད་རིགས། ཧུའེ་རིགས། ཧོར་རིགས། རྒྱ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་དང་སོ་ནམ་བྱས་ཏེ་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་བསྐལ་བཟང་གི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
     རྒྱང་རིང་གི་ལྷོ་ཕྱོགས་ནས་མུ་འབྲེལ་སྟར་ཆགས་ཀྱི་རི་ཚོགས་ཁ་བ་དཀར་པོས་གཡོགས་པ་དང་། རི་འདབས་སུ་པད་ཁའི་མེ་ཏོག་སེར་ཡུག་ཡུག་རྣམ་པར་བཞད་ནས་མཐའ་མི་མངོན།
     སྙན་ངག་ལྟ་བུའི་ཉམས་སྣང་ལྡན་ལ་འཆར་ཡན་གྱིས་ཕྱུག་པའི་ཉིང་རྡུལ་མཚོན་ཆའི་གྲོང་སྐད་གྲགས་གང་སར་ཆོད་ཅིང་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་གི་ཡོད། རྒྱལ་ལམ་315འགྲམ་དུ་བོད་བཟོ་དང་སོག་པོའི་ཡུལ་སྲོལ་གླིང་10ལྷག་ཙམ་བསྐྲུན་ནས་སྦྱིན་བདག་ཚོས་སྤྲོ་སེམས་འཁོལ་པོས་མགྲོན་པོ་བསུ་བཞིན་འདུག དུས་བཞི་དབྱངས་རོལ་ཡུལ་སྲོལ་གླིང་གི་སྦྱིན་བདག་རིག་འཛིན་མཚོ་ཡིས་སྲིད་གཞུང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་ཤུགས་ཆེན་བཏང་ནས་བཟའ་བཏུང་དང་། རྟ་བཞོན། མདའ་འཕེན། གླུ་འགྲན་སོགས་རྩྭ་ཐང་གི་རྣམ་གྲངས་ཧ་ཅང་མང་པོ་ཡོད་པས་ཡུལ་སྐོར་བ་རྣམས་བློ་ཡིད་ཚིམ་པོ་ཡོང་གི་འདུག ཡུལ་སྐོར་བ་མང་དུས་སུ་སྒོར་ཁྲི་10ལྷག་ཙམ་གསོག་ཐུབ་པ་དང་ཡུལ་སྐོར་བ་ས་གནས་གང་ས་ནས་ཡོང་གི་འདུག་ཅེས་བཤད།
     མཚོ་སྔོན་པོ་ཤང་ནི་མཚོ་སྔོན་པོའི་འགྲམ་ངོགས་སུ་ཆགས་པས་རྩྭ་ཆུ་ཧ་ཅང་བཟང་པོ་ཡོད་པ་དང་འབྲོག་ལས་ལ་བརྟེན་གྱི་ཡོད་ཅིང་། ཤང་དེ་ཡོངས་ལ་མི་3135ཡོད་པ་དེ་དག་2016ལོར་ཆ་ཚང་དབུལ་པོའི་གནས་ལས་བསྒྲལ་ནས་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.31ཟིན་ཡོད། ཤང་ཀྲང་ཉིའུ་ཀླུ་འབུམ་རྒྱལ་གྱིས“ཉིང་རྡུལ་མཚོན་ཆའི་གྲོང་རྩྭ་ཐང་རྩེ་གྲར་གྱུར་རྗེས་རྒྱལ་ཁབ་ཀྱིས་སླར་ཡང་རྩྭ་ཐང་གི་བྱ་དགའི་ཁ་གསབ་དངུལ་དང་མཉམ་ལས་སྨན་བཅོས་སོགས་ཀྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་པས་འབྲོག་པ་ཚོ་འཚོ་བ་ཧ་ཅང་བག་ཕེབས་པོ་སྐྱེལ་བཞིན་ཡོད”ཅེས་བཤད།
【1】  【2】
༄༅།།རྩྭ་ཐང་སྟེང་དུ་མཚར་སྡུག་མེ་ཏོག་བཞད།