འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་8ཉིན།

༄༅༎མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི—རབ་བྱུང་གཅིག་རིང་མཆོང་སྐྱོད་ཐེངས་གསུམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་08ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚོ་སྔོན་གྱི་ནུབ་རྒྱུད་ཁུ་ནུ་རི་བོའི་གཤམ་དུ་གཡང་ཊི་བཀྲམ་པ་ལྟར་གྱི་ཚྭ་ཞིང་སྔོ་ཐིང་རེར་ཆགས་པ་དང་ཁྲར་ཧན་ཚྭ་མཚེའུ་ཡི་ས་རྒྱུ་ཞན་ཀྱང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དེ་གར་དེ་སྔ“ཟླ་བའི་གོ་ལ་གཉིས་པ”ཞེས་འབོད་པ་དང་འདབ་ཆགས་ཀྱང་འཚོ་སྡོད་བྱེད་ཀྱི་མེད། དེ་གར་རང་རྒྱལ་གྱི་བཞུ་རུང་བའི་ཅ་མེའི་ཚྭ་གཏེར་ཆེ་ཤོས་ཡོད་པ་དང་ཚྭ་རིགས་ཐོན་ཁུངས་གསོག་འཇོག་བྱེད་འབོར་ཏུན་དུང་ཕྱུར་600ལྷག་ཙམ་ཟིན་གྱི་ཡོད།
     མཚོ་སྔོན་གྱི་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དེ་གར་ཆགས་ཤིང་། དགུང་སྔོན་དང་། ཆུ་དྭངས། འདབ་ཆགས་བཅས་ཡོད་ལ་བཟོ་ཁང་རིམ་པ་སྟར་ཆགས་སུ་གནས་ཡོད། དེ་སྔའི་རྩྭ་རྐང་གཅིག་ཀྱང་སྐྱེ་མི་ཐུབ་པའི་ཁུལ་འདིར་ད་ཆ་སྣོད་བཅུད་ཁོར་ཡུག་ཡག་པ་དང་ཚ་ཚ་འུར་འུར་ངང་ཐོན་སྐྱེད་བྱེད་པའི་རྣམ་པ་བཟང་པོ་མངོན།
     རབ་བྱུང་གཅིག་རིང་མཆོང་སྐྱོད་ཐེངས་གསུམ་བྱུང་ཞིང་། 1958ལོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཅཱ་ལུད་ཐོན་ཁུལ་གཙོ་བོ་ཡིན་པ་ནས་རྒྱལ་ཁབ་ཀྱི་ཅཱ་ལུད“གཏིང་རྡོ”དང་དེ་ནས་ད་ཆའི་ལྗང་མདོག་འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་དམག་བར་ཚྭ་མཚེའུ་བ་མི་རབས་ནས་མི་རབས་བར་གྱིས་དེ་གར་རྔུལ་ཆུ་བཏོན་ཡོད། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚེའུ་ཀུང་སིར་གཟིགས་ཞིབ་གནང་སྐབས་ཚྭ་མཚེའུ་ཡི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་ལ་རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཀྱང་ཡིན་པས་ངེས་པར་དུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཅེས་བསྟན་གནང་ཡོད། དཀའ་སྤྱད་འབད་འཐབ་ཀྱིས་འགྱུར་ལྡོག་གཏོང་བའི་ལས་དོན་ཐད་ཚྭ་མཚེའུ་བས་ལས་འགན་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་པོ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད།
     མིའི་ནུས་ཤུགས་ལ་བརྟེན་ནས་དཀའ་སྤྱད་ལས་གཏོད་ཀྱིས་ཚྭ་མཚེའུ་བསྐྲུན་པ།
     དགུང་ལོ་84ལ་སླེབས་པའི“ཚྭ་མཚེའུ་བ་རྒན་གྲས”ཀྲང་ལེན་ཅིས་ཀྱིས་ཆུ་འདོན་གྲུ་གཟིངས་ཀྱི་གྲུ་མགོར་ལངས་ཏེ་སྔོ་ཐིང་ངེར་ཆགས་པའི་ཚྭ་ཆུར་ལྟ་བཞིན་དུ“ཚང་མ་འགྱུར་ལྡོག་ཕྱིན་འདུག”ཅེས་ཆིག་ལབ་བརྒྱབ།
     རྐང་འོག་ཏུ་ཡོད་པའི་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཆུ་འདོན་གྲུ་གཟིངས་དེའི་ལྗིད་ཚད་ཏུན་300ཙམ་ཡོད་པ་དང་རིང་ཚད་སྨི་4ཡོད་པའི་གཅོད་འབྲེག་ཡོ་བྱད་དེས་ཚྭ་ཆུ་འཐེན་པ་དང་གཙང་སེལ་རགས་ཙམ་བྱས་རྗེས་ལྕགས་མདོང་ནས་འཁོར་ཁང་དུ་ཐད་ཀར་སྐྱེལ་བ་དང་རྦད་དེ་རང་འགུལ་ཅན་ཡིན་པས། ཚོད་འཛིན་བཀོལ་སྤྱོད་བྱེད་པར་མི་གཉིས་ལས་དགོས་ཀྱི་མེད།
     “སྔོན་ཆད་བཟོ་པ་3000གིས་ཉིན་གང་ལས་ཀ་བྱས་ཀྱང་མང་ཤོས་ལའང་ཚྭ་ཏུན་600ལས་འདོན་ཐུབ་ཀྱི་མེད་པ་དང་ད་ཆ་གྲུ་གཟིངས་གཅིག་གིས་ཉིན་ལྟར་ཚྭ་ཏུན་དྲུག་སྟོང་བདུན་སྟོང་འདོན་ཐུབ་ཀྱི་ཡོད”
     ཅཱ་ལུད་ནི་འབྲུ་རིགས་ལ་མེད་དུ་མི་རུང་བ་ཞིག་ཡིན་པས། ཅཱ་ལུད་མེད་ཚེ་ལོ་ཏོག་ཡག་པོ་སྐྱེ་མི་ཐུབ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མར་ཞིང་ཆེན་དང་གྲོང་ཁྱེར་དང་རང་སྐྱོང་ལྗོངས་15ཡི་ཚན་པ་70ལྷག་ཙམ་གྱིས་སྔ་རྗེས་སུ་ཅཱ་ལུད་བཟོ་ཐབས་འཚོལ་ཞིབ་བྱས་མོད། འོན་ཀྱང་གཏེར་ཁུངས་ནང་ཅཱ་རྒྱུ་འདུས་ཚད་ཉུང་དྲགས་པ་དང་ཚུར་བསྡུ་བྱེད་ཚད་ཞན་པའི་རྐྱེན་གྱིས་ལེགས་གྲུབ་བྱུང་མེད།
     དེས་ན་ཁྲར་ཧན་ཚྭ་མཚེའུ་ཤེས་རྟོགས་ཐུབ་རྗེས་ལས་བཟོ་5000གིས་རླངས་འཁོར་གསུམ་ལ་བརྟེན་ནས་སྤྱི་ལེ་60ཡི་ཕྱི་རོལ་ནས་ཆུ་དང་སྔོ་ཚལ་དབོར་བ་དང་དགུན་དུས་སུ་འཁྱགས་ཆུ་འཐུང་དགོས་ཀྱི་ཡོད། ལས་བཟོ་ཚོས་རླངས་འཁོར་གསུམ་པོ་དེ་ནི“ཚེ་སྲོག་གི་གྲུ་གཟིངས”ཤིག་ཡིན་ཞེས་བརྗོད་ཀྱི་ཡོད།
     ཀྲང་ལེན་ཅིས་ཀྱིས“དཀའ་སྤྱད་འབད་འཐབ་བྱ་རྒྱུ་ནི་ཚྭ་མཚེའུ་བའི་གཤིས་རྒྱུད་ཡིན། ཉིན་མོར་ཞིང་ནང་དུ་ལས་ཀ་བྱས་རྗེས་རྔུལ་ཆུའི་ཐིགས་པ་རྒྱག་པ་དང་མཚན་མོ་སྦྲ་གུར་ནང་ལོག་ནས་འཁྲུས་གཞོང་ནང་ཚྭ་ཆུ་བཟོ་སྟངས་ཚོད་ལྟ་བྱེད་ཀྱི་ཡོད། སྐབས་དེ་དུས་ཚྭ་མཚེའུ་བའི་སེམས་ནང་འབད་བརྩོན་བྱས་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།
     ཏུན་ཁྲི་1ནས་ཏུན་ཁྲི་500ཡི་བར་ཅཱ་ལུད་ཀྱི“གཏིང་རྡོ”གྲུབ་པ།
     ལོ་30ཡི་གོང་ཁྲར་ཧན་དུ“ཨ་རིའི་དངོས་ཟོག”འབྱོར་ནས་སྐད་གྲགས་ཆོད།
     ཞེ་ཁང་མིན་གྱིས་ལམ་བར་རྒྱུག་ཤར་གློད་ཀྱིན་བཟོ་ཁང་གི་སྒོ་ཁར་བསྐྱོད་དེ་དབོར་མ་ཐག་མའི་ནང་འདྲེན་ཚྭ་འདོན་གྲུ་གཟིངས་ལ་དགའ་སྤྲོའི་ངང་བསུ་བ་ཞུས།
     ཐེན་ཅིན་གྲུ་ཁ་ནས་དབོར་སྐབས་ལམ་བར་དུ་ཟླ་གཅིག་ཙམ་འགོར་ཞིང་། གྲུ་གཟིངས་དབོར་རོགས་བྱེད་མཁན་བཟོ་པའི་མགོ་སྐྲ་ཟིང་ལ་གྱོན་གོས་དྲེག་པས་ཁེངས།
     དེ་བས་དཀའ་ངལ་ཆེ་བ་ནི་བཀོལ་སྤྱོད་གསལ་བཤད་ཡིག་འབྲུ་ཁྲི་180ལྷག་ཙམ་ཡོད་པ་དེ་དག་ཚང་མ་དབྱིན་ཡིག་ཡིན་ཞིང། ཇུས་འགོད་དཔེ་རིས་དང་གློག་སྐུད་དཔེ་རིས་ཐད་མཉམ་དུ་ཡོང་བའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་མཛུབ་མོ་གཡུག་བཞིན་དུ“No!No!”ཁྱེད་ཀྱིས་ལྟ་ཀློག་ཐུབ་མི་སྲིད་ཅེས་བརྗོད།
     སུན་ཧྲའོ་ཏེར་ཕམ་ཁ་བྱུང་ཡང་ཡི་ཐང་གཏན་ནས་ཆད་མེད། དམའ་འབྲིང་སློབ་རྒྱུས་ལས་མེད་པའི་གློག་ཤུགས་ལས་དོན་པ་དེས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་རྗེས་སུ་འབྲངས་ནས་དབྱིན་ཡིག་གི་མཚོན་རྟགས་ཆིག་སྟོང་ཡན་དང་ལས་ཀའི་རྩ་དོན་སེམས་ལ་བརྟན་པོར་ངེས། ལོ་ཕྱེད་རྗེས་ཁྱིམ་དུ་འདྲ་བཟོའི་གྲུ་གཟིངས་ཤིག་བཟོ་ཐུབ་པས་ཁོང་གིས“རང་ཡུལ་གྱི་རིགས་གཅིག་མཁས་ཅན་གྱིས་ཕྱི་རྒྱལ་གྱི་སྒྲིག་ཆས་བཟོ་མི་ཐུབ་སུས་ཟེར་གྱི་འདུག”ཅེས་བརྗོད།
     དང་ལེན་དང་སློབ་སྦྱོང་དེ་ནས་གསར་གཏོད་བྱས་པ། ལོ་10དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཚྭ་མཚེའུ་ཀུང་སིས་1998ལོར་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ཆུ་འདོན་གྲུ་གཟིངས་ཐོག་མ་དེ་སྤྱོད་འགོ་ཚུགས། “གཅོད་འབྲེག་མགོ་གཅིག་མ་ནས་མགོ་མཇུག་གཉིས་ཀར་རེ་རེ་བསྒར་རྗེས་ཆུ་ཚོད་རེར་ཚྭ་ཆུ་སྨི་རྒྱ་དཔངས་གྲུ་བཞི་1000འཚོལ་བསྡུ་ཐུབ་པས། ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། མ་གནས‘ཨ་རིའི་དངོས་ཟོག’གི་གསུམ་ཆ་གཅིག་ལས་འགྲོ་ཡི་མི་འདུག”ཅེས་ཞེ་ཁང་མིན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
     ད་ཆ་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཞེ་ཁང་མིན་གྱིས“གསར་གཏོད་ཧུར་ཐག་དང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད་ལོ་60ཡི་རིང་ཚྭ་མཚེའུ་བས་ཁྲར་ཧན་དུ་དོན་ཆེན་ཞིག་བསྒྲུབས་ཡོད་པ་དེ་ནི་ཅཱ་ལུད་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་དེ་རེད། དེ་ཡང་ལོ་50ཡི་གོང་ཅཱ་ལུད་ཀྱི་ལོའི་ཐོན་འབོར་ཏུན་ཁྲི་གཅིག་ལས་མེད་པ་ནས་ད་ཆའི་ཏུན་ཁྲི་500བར་མང་དུ་བཏང་བ་དང་། རྒྱལ་ནང་གི་ལོའི་ཅཱ་ལུད་མཁོ་ཚད་ཀྱི་བཅུ་ཆ་གསུམ་ཐོན་སྐྱེད་ཐུབ་ཀྱི་ཡོད་པས། སྔོན་མ་རང་རྒྱལ་གྱིས་ཅཱ་ལུད་རྦད་དེ་ནང་འདྲེན་ལ་བརྟེན་གྱི་ཡོད་ཀྱང་ད་ཆ་རང་མཁོ་ཐུབ་ཚད་50%ཟིན་གྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།(པར་ངོས་གཉིས་པར་གཟིགས)
     ཚྭ་རགས་ཀྱི་གཞོགས་གཅིག་ནི་ཚྭ་ཞིང་དང་གཞོགས་གཞན་ཞིག་ནི་ཆུ་བྱ་འཚོ་གནས་བྱ་ཡུལ་ཚྭ་མེད་མཚེའུ་རེད། དེ་ནི་ཚྭ་མཚེའུ་ཀུང་སིའི་ཆུ་ངོགས་ཀྱི་ལེ་དབར་བརྒྱ་ཟིན་པའི་མཛེས་ལྗོངས་ཁུལ་རེད།
     ཚྭ་མཚེའུ་དུ་ཚྭའི་རིགས་ཀྱི་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར་600ཙམ་ཟིན་པའི་ཁྲོད་ཁིལ་འགྱུར་མེ་ཏུན་དུང་ཕྱུར་40དང་། ཁིལ་འགྱུར་ལི་ཏུན་ཁྲི་1204 ཁིལ་འགྱུར་ཅ་ཏུན་དུང་ཕྱུར་5.4བཅས་ཡོད། ཇི་ལྟར་བྱས་ཏེ་ཐོན་ཁུངས་དེ་དག་བེད་སྤྱོད་ཡག་པོ་གཏོང་དགོས་མིན་དེ་ཚྭ་མཚེའུ་བར་འཕྲད་པའི་ཞིབ་འཇུག་བྱ་གཞི་གསར་པ་ཞིག་རེད།
     “འཁོར་རྒྱུག་འཕེལ་རྒྱས་དང་ལྗང་མདོག་དཔལ་འབྱོར་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་རེད། ཚྭ་མཚེའུ་བས་ཅ་ཕྱིར་གཏོང་དང་། མེ་ལ་དམ་འཛིན། ལི་འཕེལ་རྒྱས། བུལ་ཏོག་བསྡུ་སྒྲིལ ཁིལ་ལེགས་སྒྲིག་བཅས་བྱས་ཏེ་སྣོད་བཅུད་ཀྱི་མེ་ལི་ཅ་བཅས་ཀྱི་གླིང་ཞིག་བསྐྲུན་བཞིན་ཡོད”ཅེས་ཝང་ཧྲི་ཅུན་གྱིས་དེ་ལྟར་བརྗོད།
     ཁྲར་ཧན་གྱི་ཐོན་ཁུངས་གནས་ཚུལ་མཐིལ་རྟོགས་བྱེད་ཆེད། ཝང་ཧྲི་ཅུན་གྱིས་འབར་འབུར་ཆེ་བའི་ཚྭ་ཁར་རྩད་ཞིབ་བྱེད་དུ་ཕྱིན་པས་ལྷམ་མཐིལ་རྡོལ་བ་བགྲང་གིས་མི་ལངས། ཁོང་གིས“ང་ཚོའི་ཚོགས་པས་དེ་གར་རྩད་ཞིབ་བྱས་ཏེ་ཐོན་ཁུངས་ཀྱི་གནས་ཚུལ་བབ་བསྟུན་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པས། ང་ཚོས་ཚྭ་མཚེའུ་ཡི་འཐབ་ཇུས་ཐོན་ཁུངས་ལ་སྤྱི་ཡོངས་ནས་འཆར་འགོད་དང་བེད་སྤྱོད་བྱེད་པར་ཕན་ཐོགས་ཡོད”ཅེས་བརྗོད།
     2010ལོར་རྒྱལ་ཁབ་ཚྭ་འདམ་གཤོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ལྟེ་བའི་རྣམ་གྲངས་ཏེ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལྕགས་རིགས་མེ་གཞི་གཅིག་ཅན་གྱི་རྣམ་གྲངས་ལས་འགོ་བཙུགས་པ་དང་། ལོར་ལྕགས་རིགས་མེ་ཏུན་ཁྲི་10ཐོན་སྐྱེད་དང་། ཏུན་ཁྲི་80ཟིན་པའི་PVCསྒྲིག་སྦྱོར། རང་བྱུང་སོལ་རླངས་དང་རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། འཛུགས་སྐྲུན་རྒྱུ་ཆའི་བཟོ་ལས་སོགས་ཐོན་ལས་མང་པོ་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ་ཚྭ་མཚེའུ་ཁུལ་དུ་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་བཏོད་ཡོད།
     “ཚྭ་མཚེའུ་བས་སྔ་ཕྱི་བར་གསུམ་དུ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། གཞི་ནས་དེ་རིང་གི་གྲུབ་འབྲས་འདི་དག་ཐོབ་ཡོད། འཕེལ་རྒྱས་ཕྱོགས་སྒྱུར་གྱི་འགག་རྩའི་སྐབས་སུ་ང་ཚོས་སོམ་ཉི་དང་ཕྱིར་བཤོལ་གཏན་ནས་བྱེད་མི་སྲིད”ཅེས་ཞེ་ཁང་མིན་གྱིས་དེ་ལྟར་བརྗོད།