འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་8ཉིན།

༄༅༎བོད་ལྗོངས་སུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80བཏང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་08ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་སུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80བཏང་།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན་གྱི་ཞོགས་པར། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80བོད་ལྗོངས་ལྷ་སར་དངོས་སུ་བཏང་བ་རེད། དེས་རླངས་འཁོར་གྱི་མཇུག་རླངས་འབུད་ཚད་ཉུང་དུ་བཏང་ནས་ལྷ་སའི་མཁའ་རླུང་སྤུས་ཚད་སྔར་བས་ལེགས་སུ་གཏོང་བར་ཕན་པ་ཡོད། 
     ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རྒོད་སྐྱེས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གསར་དུ་བཏོན་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཚང་མ་སྨི་12ཡོད་པའི་གློག་སྒུལ་རྣམ་པའི་མཉམ་བསྲེས་སྒུལ་ཤུགས་ཀྱི་སྤྱི་སྤྱོད་རླངས་འཁོར་ཡིན་པ་དང་། དེར་རིག་ནུས་བོད་རྒྱ་སྐད་བརྡའི་ས་ཚིགས་འདོན་པ་དང་། རིག་ནུས་བཀོད་གཏོང་། ལྟ་སྐུལ་ཚོད་འཛིན། ཁ་ལོ་བའི་སྒྲིག་འགལ་ལ་ལྟ་སྐུལ་ཚོད་འཛིན། རང་འགུལ་ངང་ཉེན་བརྡ་གཏོང་བ་སོགས་ཀྱི་ནུས་པ་ལྡན་པས་ཚན་རྩལ་གྱི་ཁྱད་ཆོས་ངེས་ཅན་ལྡན་ཡོད་ཅེས་བརྗོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསར་སྒྱུར་འཆར་གཞི་ནི་སྤྱི་སྤྱོད་རླངས་འཁོར་རྙིང་པ་104བེད་སྤྱོད་ལོ་ཚད་ཟིན་རྗེས་གཅིག་གྱུར་ཉོ་སྒྲུབ་བྱས་པ་ཞིག་ཡིན་ལ། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱོན་བསྡོམས་110ཉོ་སྒྲུབ་བྱས་པ་དང་རླངས་འཁོར་གསར་པ་གཞན་པ་30དེ་ཟླ་འདིའི་ཟླ་མཇུག་ཏུ་མཁོ་འདོན་བྱ་རྒྱུ་རེད། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་422ཟིན་རྒྱུ་ཡིན་ལ། དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་བསྡོམས་འབོར་གྱི་80%ཡན་ཟིན། 
    རྒོད་སྐྱེས་ཀྱིས“ང་ཚོས་ཤུགས་ཆེན་པོར་ནུས་རྒྱུ་གསར་པའི་རླངས་འཁོར་གཏོང་བའི་དམིགས་ཡུལ་ནི་ཐཱན་ཉུང་ལྗང་མདོག་ཕྱིར་སྐྱོད་ལག་ལེན་བསྟར་ནས་དྲོད་ཁང་རླངས་གཟུགས་འབུད་ཚད་ཉུང་དུ་བཏང་སྟེ་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་”ཞེས་བརྗོད་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་བེད་སྤྱོད་ལོ་ཚད་ལོན་པའི་སྤྱི་སྤྱོད་རླངས་འཁོར་རྙིང་པ་བརྗེས་ནས་2021ལོར་སླེབས་སྐབས་ཚང་མ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་ཐུབ་རེ་ཡོད་ཅེས་བཤད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་ད་ལྟ་སྤྱི་སྤྱོད་རླངས་འཁོར་522ཡོད་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་41ཤར་གཏོང་བྱས་ཡོད་ལ། དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་། གྲོང་འདབས། མཐའ་མཚམས(ཆུས)རྫོང་བཅས་སུ་ཁྱབ་པས་མང་ཚོགས་ཕྱིར་སྐྱོད་རྒྱུར་སྟབས་བདེ་རུ་བཏང་ཡོད་པ་རེད།
༄༅༎བོད་ལྗོངས་སུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80བཏང་།