འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་འབར་མར་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ནས་ཚེས་19ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེང་སི་ཆུས་(བོད་རིགས)ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་འབར་མར་འཚམས་འདྲི་གནང་བ་རེད།
     རང་ཀོང་དུ་འཐུས་མི་ཚོགས་པས་འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའི་པུའུ་ཀྲང་ཨང་ཀོ་དང་རང་ཀོང་ཞིང་ཆེན་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ལིན་ནའེ་མིན་དང་མཇལ་འཛོམས་གནང་བ་རེད། ནེ་པི་ཏུའུ་རུ་འཐུས་མི་ཚོགས་པས་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་དང་མི་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་གཅིག་ལྕོགས་ཐོན་ཐོན་ཧེང་དང་མཇལ་འཛོམས་གནང་བ་དང་འབྲེལ། མི་དམངས་གྲོས་ཁང་གི་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲོས་མོལ་ཡང་གནང་བ་རེད།
     ཁྲེང་སི་ཆུས་ཀྱིས་འབར་མ་ཕྱོགས་ལ་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་མཛད་ཕྱོགས་སྲིད་ཇུས་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ངོ་སྤྲོད་བྱས་པ་དང་འབྲེལ་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་བོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། “ཀྲུང་གོ་གཅིག”གི་རྩ་དོན་ལངས་ཕྱོགས་ཐད་འབར་མ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཐོན་ཐོན་ཧེང་གིས་འབར་མ་དང་ཀྲུང་གོའི་དབར་གྱི་སྤུན་ཟླའི་མཛའ་གྲོགས་ལོ་རྒྱུས་རིང་ཞིང་། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་དབར་དང་། སྲིད་གཞུང་དབར། སྲིད་ཏང་དབར་གྱི་འགྲོ་འོང་ཚང་མ་བདེ་བླག་ཡོད་པས་ངས་རྒྱལ་ཁབ་གཉིས་པོས་དམངས་ཁྲོད་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     འབར་མར་འཚམས་འདྲི་བྱེད་རིང་འཐུས་མི་ཚོགས་པས་ད་དུང་ས་གནས་དེ་གའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། མཁས་དབང་བཅས་དང་བཞུགས་མོལ་སྤེལ་རེས་བྱས་པ་དང་འབྲེལ་འབར་མའི་སྨྱན་སྦྱོར་གཙོ་བོའི་ཆེད་དོན་བཅར་འདྲི་དང་ལེན་ཡང་བྱས་པ་རེད།