འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།《ཀྲི་ཅང་གི་གཏམ་གསར》ཞེས་པའི་སི་ཕེན་གྱི་ཡི་གེའི་ཁུ་པའི་པར་གཞིའི་པར་ཕུད་འགྲེམས་
སྤེལ་མཛད་སྒོ་དང་ཀྲུང་ཁུའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཧ་ཝ་ནར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་17ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང། ཁུ་པའི་དཔེ་དེབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི《ཀྲི་ཅང་གི་གཏམ་གསར》ཞེས་པའི་སི་ཕེན་གྱི་ཡི་གེའི་ཁུ་པའི་པར་གཞིའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང་ཀྲུང་ཁུའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཁུ་པའི་རྒྱལ་ས་ཧ་ཝ་ནར་འཚོགས་ཤིང་། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀའོ་ཐེ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ལས་དོན་ཨུ་ལྷན་གྱི་ཁོངས་མི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུར་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཅ་ཡུས་ལིན། ཁུ་པ་རིག་གནས་པུའི་པུའུ་ཀྲང་ཀེ་ལོ། ཁུ་པ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀང་ས་ལེ་སི། ཁུ་པ་དཔེ་དེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལུའོ་ཏེ་ལི་ཀེ་སི། ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཞི་སོགས་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
     ཅ་ཡུས་ལིན་གྱིས་ཤིས་ཚིག་ནང་། 《ཀྲི་ཅང་གི་གཏམ་གསར》ཞེས་པའི་དེབ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་འགོ་ཁྲིད་པ་གཙོ་བོའི་འགན་འཁུར་རིང་ཞིང་ཆེན་མངའ་ཁོངས་ཀྱི་རིམ་ངོས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རིགས་པའི་གཞུང་ལུགས་ཀྱི་འཚོལ་ཞིབ་དང་ལག་ལེན་གྱི་གསར་གཏོད་བྱས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། གསུང་རྩོམ་དེའི་ནང་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བདེན་འཚོལ་གསར་གཏོད་ཐུབ་པ་བྱེད་པ། སྲིད་སྲོལ་དཔོན་སྤྱོད་སྐྱེད་སྲིང་བྱེད་པ་བཅས་ཀྱི་དགོངས་པ་དང་འདུ་ཤེས་གལ་ཆེན་གཅིག་ཏུ་འདུས་པ་དང་གང་ལེགས་མཚོན་ཡོད། གསུང་རྩོམ་དེས་ཁུ་པའི་ཀློག་པ་པོ་ཚོས་ཀྲུང་གོ་ཤེས་རྟོགས་སྔར་བས་ཡག་པ་ཐུབ་རྒྱུ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་སྔར་བས་ཡག་པ་ལེན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཁུ་པ་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཧ་ཁོ་སྨི་ནུའོ་ཡིས། 《ཀྲི་ཅང་གི་གཏམ་གསར》ཞེས་པའི་དེབ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ས་གནས་ཀྱི་ལས་དོན་སྒྲུབ་སྐབས་ཀྱི་ཐུན་མོང་མ་ཡིན་པའི་བསམ་གཞིག་དང་འདུ་ཤེས་གཅིག་ཏུ་འདུས་པ་ཞིག་རེད། དེ་ཐོག་ནས་ཞི་ཅིན་ཕིང་གིས་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་ལུགས་མངོན་པ་དང་། ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་དང་སྣོད་བཅུད་ཁོར་ཡུག་ཞི་མཐུན་འཕེལ་རྒྱས་ཕན་ཚུན་ཟུང་འབྲེལ་བྱེད་པ་དུས་དང་རྣམ་པ་ཀུན་ཏུ་བརྩོན་ལེན་བྱེད་ལུགས་མངོན་པ་དེས་ཁུ་པ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་འཕེལ་རྒྱས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད།
     ཁྲེན་ཞིས་ཀྲུང་ཁུ་རྒྱལ་ཁབ་གཉིས་པོ་ནི་གཅིག་སེམས་གཅིག་གཏད་ཀྱི་བློ་མཐུན་ཡག་པོ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲོགས་པོ་ཡག་པོ། གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་ཡག་པོ་བཅས་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ《ཀྲི་ཅང་གི་གཏམ་གསར》ཞེས་པའི་སི་ཕེན་གྱི་ཡི་གེའི་ཁུ་པའི་པར་གཞི་འགྲེམས་སྤེལ་བྱས་པ་དང་ཏག་ཏག་འཁེལ་བས་རྒྱལ་ཁབ་གཉིས་པོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་དང་ཕྱོགས་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་བརྗོད།
     《ཀྲི་ཅང་གི་གཏམ་གསར》ཞེས་པའི་དེབ་དེ་ནི་2007ལོའི་ཟླ་8པར་དཔེ་སྐྲུན་ཐོག་མ་བྱས་པ་དང་། 2013ལོའི་ཟླ་11པར་སླར་ཡང་པར་འདེབས་བྱས་པར་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། 2018ལོར《ཀྲི་ཅང་གི་གཏམ་གསར》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་དཔེ་སྐྲུན་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོ་ཕྱི་ཡིག་དཔེ་སྐྲུན་ཁང་དང་། ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང་། ཁུ་པ་ཤིན་ཆན་ཞི་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་ལས་བྱས་ཏེ《ཀྲི་ཅང་གི་གཏམ་གསར》ཞེས་པའི་སི་ཕེན་གྱི་ཡི་གེའི་ཁུ་པའི་པར་གཞི་བཏོན་པ་རེད།