འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅༎སི་ཁྲོན་ཁྲང་ཉིང་དུ་ས་ཡོམ་རིམ་པ་6.0བརྒྱབ་པར་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་དུས་ཚོད་ཟླ་6ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ལ་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་ས་ཡོམ་རིམ་པ་6.0བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་16ཡིན་པ་རེད། མིག་སྔའི་བར་ས་ཡོམ་ནང་མི་13ཤི་བ་དང་། མི་158ལ་རྨས་སྐྱོན་ཕོག་པ། མི་ཁྲི་14ཙམ་ལ་གནོད་འཚེ་ཕོག་པ་མ་ཟད་ཆུ་གློག་དང་། འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལའང་གཏོར་སྐྱོན་ཕོག་ཡོད་པ་རེད།
     ས་ཡོམ་བརྒྱབ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས་གེགས་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ཏེ་མི་སྣ་འཚོལ་སྐྱོབ་དང་རྨས་མ་མྱུར་སྐྱོབ་བྱ་རྒྱུ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ལ་གཞོགས་འདེགས་བྱས་ནས་ཉེན་སེལ་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་བྱ་རྒྱུར་དོ་སྣང་བྱས་ཏེ་ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཞོར་སྐྱོན་གནོད་འཚེ་ཐོན་རྒྱུ་འགོག་ཟོན། ཆུ་གློག་མཁོ་འདོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲིན་གཏོང་འབྲེལ་གཏུག་བཅས་མགྱོགས་མྱུར་སླར་གསོ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཉེན་གཡོལ་དང་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་དགོས་པ། ད་ཆ་འབྲུབ་དུས་སུ་འཁེལ་བས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་བབས་ནས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད་པས་འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོ་འཛུགས་པ་དང་འབྲུབ་འགོག་དང་ཉེན་སེལ་གེགས་སེལ་གྱི་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ས་ཡོམ་གྱི་གནོད་ཚེའི་གནས་ཚུལ་བརྟག་དཔྱད་བྱ་རྒྱུར་དམ་འཛིན་དང་ཉེན་སེལ་རྒུད་སྐྱོབ་དང་རྨས་མ་སྐྱོབ་བཅོས་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཉམས་བཟོ་བྱེད་དགོས་པ་དང་། དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་དང་གེགས་སེལ་ལས་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། ཆུ་བེད་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་འབྲེལ་ཡོད་ས་གནས་ལ་མཛུབ་ཁྲིད་རོགས་རམ་བྱས་ནས་འབྲུབ་དུས་སྐབས་དྲག་ཆར་བབས་པའི་རྐྱེན་གྱིས་ཐོན་པའི་གནོད་འཚེ་སྣ་ཚོགས་འགོག་ཟོན་དང་ཁ་གཏད་གཅོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
     ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་བཏང་ནས་རོགས་སྐྱོབ་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། རང་བྱུང་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ལ་མཛུབ་ཁྲིད་བྱས་ཏེ་གེགས་ཁུལ་མཐའ་འཁོར་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་ཆེ་སར་གྲལ་བཤེར་བྱེད་བཞིན་ཡོད་པ་རེད། སི་ཁྲོན་ཞིང་ཆེན་དང་དབྱི་པིན་གྲོང་ཁྱེར་གྱིས་ཟམ་པ་རྒྱག་མཁན་དང་ས་གཤིས་རིགས་གཅིག་མཁས་ཅན་དང་དེ་བཞིན་རྒུད་སྐྱོབ་རུ་ཁག་སོགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གེགས་སེལ་ལས་དོན་སྤེལ་བཞིན་ཡོད་ལ། གུར་དང་། སྲིང་བལ་མལ་ཆས། ལྟེབ་ཁྲི་སོགས་རྒུད་སྐྱོབ་དངོས་ཟོག་གེགས་ཁུལ་དུ་དབོར་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།