འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་19ཉིན།

༄༅།།ཨུ་རུ་སུའི་ཏུའུ་མ་ལ་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གནས་སྐབས་སུ་བསྟར་
མཚམས་འཇོག་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་19ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། ཨུ་རུ་སུ་རྒྱལ་ཁབ་ཀྱི་ཏུའུ་མར་(གྲོས་ཁང་འོག་མ)《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་སྐོར་གྱི་ཁྲིམས་གཞིར་གྲོས་འཆམ་བྱུང་ཡོད། ཁྲིམས་གཞི་འདི་ནི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་5ཚེས་30ཉིན་ཏུའུ་མར་ཡར་སྤྲད་པ་རེད། 
    ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁྲིམས་གཞི་འདིར་ཨུ་རུ་སུའི་ཆིངས་ཡིག་འདི་སླར་གསོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་གཙོ་བདག་གིས་ཐག་གཅོད་རྒྱུ་གཏན་འབེབས་བྱས་ཡོད་ལ། ཟླ་འདིའི་ཚེས་26ཉིན་རྒྱལ་ཕྲན་ཨུ་ཡོན་ལྷན་ཁང་(གྲོས་ཁང་གོང་མ)གིས་ཁྲིམས་གཞི་འདིར་གྲོས་ཞིབ་བྱ་རྒྱུ་རེད། 
    ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡ་པུའུ་ཁོ་ཧྥུའུ་ཡིས། ཁྲིམས་གཞི་འདིར་ཨུ་རུ་སུས་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་གཏན་འབེབས་བྱས་པ་ལས། ཆིངས་ཡིག་འདི་ལས་ཕྱིར་འཐེན་བྱས་པ་མིན་ཞེས་བསྟན། 
    ད་ལོའི་ཟླ་2ཚེས་1ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕའེ་ཨོ་ཡིས་ཁྱབ་བསྒྲགས་བྱས་དོན། དུས་ཡུན་རིང་པོར་ཨུ་རུ་སུ་ནི་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གི་གཏན་འབེབས་དང་འགལ་བས། ཨ་རིས་གནས་སྐབས་སུ་ཆིངས་ཡིག་འདིའི་འོས་འགན་སྒྲུབ་མཚམས་འཇོག་རྒྱུ་དང་། དུས་ཡུན་ཟླ་བ་དྲུག་གི་ཆིངས་ཡིག་ལས་ཕྱིར་འབུད་པའི་ལས་རིམ་འགོ་རྩོམ་རྒྱུ་ཡིན་ཟེར། ཟླ་3ཚེས་4ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཀའ་ཕབ་སྟེ། བཀའ་རྒྱ་ལ་མིང་རྟགས་བཀོད་ཉིན་ནས་བཟུང་ཨུ་རུ་སུས་《འབྲིང་འཕེན་འཕུར་མདའི་ཆིངས་ཡིག》གནས་སྐབས་སུ་ལག་བསྟར་མཚམས་འཇོག་པ་བསྟན།