འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པས། ཀྲུང་གོའི་ས་དཀོན་ཐོན་ཁུངས་བེད་སྤྱད་
ནས་བཟོས་པའི་ཐོན་རྫས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྡུང་རྡེག་བྱས་པར་ང་ཚོས་མཐའ་
གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་བཤད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མེང་ཝེ་ཡིས། ཀྲུང་གོས་ས་དཀོན་གྱི་ཐོན་ཁུངས་དང་ཐོན་རྫས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་འཕེལ་རྒྱས་ཡོང་བའི་ལུགས་མཐུན་གྱི་དགོས་མཁོ་སྐུང་འདོད་ཡོད། ཡིན་ནའང་། “གལ་ཏེ། སུ་ཞིག་གིས་ཀྲུང་གོའི་ས་དཀོན་གྱི་ཐོན་ཁུངས་བེད་སྤྱད་ནས་བཟོས་པའི་ཐོན་རྫས་དེ་ཀྲུང་གོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བར་སྤྱད་ན། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན ”ཞེས་བརྗོད། 
     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་མེང་ཝེ་ཡིས་བཤད་དོན། མིག་སྔར། གོ་ལ་ཧྲིལ་བོའི་ཐོན་ལས་སྦྲེལ་ཐག་ནི་དམ་དུ་སྦྲེལ་ཅིང་ཨ་ལུང་ཡང་ལུང་དུ་བརྒྱུས་ཡོད། མཉམ་ལས་མེད་ན་འཕེལ་རྒྱས་ཡར་ཐོན་མེད། ཀྲུང་གོའི་ཐོག་མཐའ་བར་གསུམ་དུ་སྣེ་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་ལ་རྒྱབ་སྐྱོར། སྒོ་འབྱེད་དང་མཉམ་ལས། མཉམ་རོལ་གྱི་ཁ་ཕྱོགས་ཀྱིས་རང་རྒྱལ་གྱི་ས་དཀོན་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད།      ས་དཀོན་གྱི་ཐོན་ཁུངས་དང་ཐོན་རྫས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་འཕེལ་རྒྱས་ཡོང་བའི་ལུགས་མཐུན་གྱི་དགོས་མཁོ་སྐུང་འདོད་ཡོད། ཡིན་ནའང་། ཕན་ཚུན་གཉིས་ཕན་མཉམ་ཁེ་ནི་ཕྱོགས་ཀུན་གྱིས་ལྷག་བསམ་ཟོལ་མེད་ཀྱིས་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་འགའ་རེས་འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་གི་རྩ་དོན་སྣང་མེད་དུ་བཞག་ནས། གོ་ལ་ཧྲིལ་བོའི་ཐོན་ལས་སྦྲེལ་ཐག་ལ་གཏོར་བརླག་བཟོས་པ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཟེར། 
     མེང་ཝེ་ཡིས། རང་རྒྱལ་ནི་གོ་ལ་ཧྲིལ་བོའི་ས་དཀོན་བསགས་ཚད་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ལ། ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་ཀྱང་ཡིན། དེར་བརྟེན། ས་དཀོན་གསར་འབྱེད་བེད་སྤྱོད་ལ་ཤུགས་སྣོན་བྱེད་པ་ནི། ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ལྡན་ཡོད་ཟེར། 
     ས་དཀོན་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་བསྟུན་མར་འཚོགས་ནས། ལས་རིགས་ཀྱི་རིགས་གཅིག་མཁས་པ་དང་། ཁེ་ལས་གནད་ཆེན། དེ་བཞིན་འབྲེལ་ཡོད་ས་གནས་ཀྱིས་བསམ་འཆར་ལ་ཉན་ཡོད། 
     མེང་ཝེ་ཡིས་“བཞུགས་མོལ་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་ཐོན་ལས་གྲུབ་ཆ་ལུགས་མཐུན་དང་། ཚན་རིག་ལག་རྩལ་ཆུ་ཚད་སྔོན་ཐོན། ཐོན་ཁུངས་ཕན་ནུས་ལྡན་པའི་ངང་སྲུང་སྐྱོང་། ཐོན་སྐྱེད་འཁོར་སྐྱོད་གོ་རིམ་ལྡན་པའི་ངང་ས་དཀོན་ལས་རིགས་འཕེལ་རྒྱས་གནས་བབ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རང་རྒྱལ་གྱི་ས་དཀོན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན”ཟེར། 
     མོ་རང་གིས་བཤད་རྒྱུར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་བཞུགས་མོལ་ཚོགས་འདུ་འཚོགས་པའི་ཐོག་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོར་རིམ་བཞིན་ལེགས་སྒྲིག་དང་ཞིབ་འཇུག་བྱེད་བཞིན་ཡོད་ལ། རྟོག་ཞིབ་ཟབ་མོ་དང་ཚན་རིག་གིས་རིག་པས་ཁུངས་སྐྱེལ་བའི་རྨང་གཞིའི་ཐོག འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་ལག་བསྟར་བྱས་ནས། འཐབ་ཇུས་ཐོན་ཁུངས་སུ་བྱེད་པའི་ས་དཀོན་གྱི་དམིགས་བསལ་རིན་ཐང་དངོས་སུ་འདོན་སྤེལ་བྱེད་རྒྱུ་ཡིན།