མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་དགོང་མོ། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པ་དང་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
     ས་གནས་དེའི་དུས་ཚོད་ཚེས་16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དྷུ་ཤང་པེ་ནས་ཞལ་གྱེས་ཏེ་རང་རྒྱལ་དུ་ཕྱིར་ལོག་གནང་ཞིང་། ཞལ་གྱེས་སྐབས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་དང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བྱམས་བརྩེའི་བཀའ་མོལ་ཁྲོད་ཞལ་གྱེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཧོ་མོང་དང་ཐ་ཇིག་སི་ཐན་ཕྱོགས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་འཚམས་འདྲི་བྱེད་སྐབས་ཧ་ཅང་སྐྱིད་པོ་བྱུང་། ལྷག་པར་དུ་ང་དང་སྐུ་ཞབས་ཙུང་ཐུང་གིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱ་ཁྱབ་ཀྱི་གྲོས་གཞིར་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་ཐ་ཕྱོགས་གཉིས་པོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སྐྱོད་ཐུབ་ངེས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཟབ་ཏུ་འགྲོ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ལཱ་ཧོ་མོང་གིས་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་དུ་འཚམས་འདྲི་གནང་བར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་ཞི་ཅིན་ཕིང་དང་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིན་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ལཱ་ཧོ་མོང་གིས་ཐ་ཇིག་སི་ཐན་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་བཅངས་ཡོད་ལ་ཐ་ཀྲུང་དབར་གྱི་འབྲེལ་བར་གཅེས་འཛིན་བྱ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་འཚམས་འདྲི་གནང་བར་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"