འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།ཀྲུང་གོའི་ཁེ་ལས་རོ་མ་ནི་ཡའི་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་རྒྱུར་
དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཆ་རེ་སི་ཐེ་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རོ་མ་ནི་ཡའི་འཕྲིན་གཏོང་དང་ཆ་འཕྲིན་སྤྱི་ཚོགས་པུའུ་ཀྲང་པི་ཏེ་ལུའེ་སི་ཁུས་རོ་མ་ནི་ཡའི་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་པོ་འཕེལ་རྒྱས་ཆེད་ཀྲུང་གོའི་ཁེ་ལས་ཀྱིས་ཕུལ་བའི་ལེགས་སྐྱེས་ལ་སྔགས་བརྗོད་བྱས་པ་དང་འབྲེལ་རོ་མ་ནི་ཡའི་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་ནང་ཀྲུང་གོའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་ཁེ་ལས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      པི་ཏེ་ལུའེ་སི་ཁུས་དེའི་རིང་རོ་མ་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཡུས་དང་ཐུག་འཕྲད་བྱེད་སྐབས་དེ་ལྟར་བརྗོད་པ་རེད།
    ཁོང་གིས་ས་ཁུལ་གྱི་ཁྲོམ་ར་གལ་ཆེན་ཞིག་ཡིན་པའི་ངོས་ནས་རོ་མ་ནི་ཡས་རྒྱལ་སྤྱི་ཅན་གྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་འཕྲིན་གཏོང་ཐོན་རྫས་མཁོ་འདོན་ཚོང་པས་རོ་མ་ནི་ཡར་ལས་སྒོ་གཉེར་བར་སྒོ་དབྱེ་དང་དྲང་གཞག་གི་རྣམ་འགྱུར་འཛིན་ཡོད། རོ་མ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་ཁེ་ལས་རོ་མ་ནི་ཡར་མ་འཇོག་དང་ཚོང་གཉེར་བྱེད་པར་ཡོང་བ་དང་རོ་མ་ནི་ཡའི་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཞིབ་ཕྲའི་རྣམ་གྲངས་བརྒྱུད་ཀྲུང་གོ་ཕྱོགས་དང་ཆ་འཕྲིན་འཕྲིན་གཏོང་ཁྱབ་ཁོངས་ཀྱི་ཐོན་ལས་དང་ཞིབ་འཇུག་གསར་སྤེལ་ཐད་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།
     ཅང་ཡུས་ཀྱིས་ཆ་འཕྲིན་འཕྲིན་གཏོང་ནི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཁྲོད་འཁྲུག་ཆ་དོད་ཤོས་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ལས་རིགས་ཀྱི་གྲས་ཤིག་ཡིན་པས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ་དང་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བ་གོ་སྐབས་སུ་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་འཕེལ་རྒྱས་དང་དེ་བཞིན་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དེ་བས་རིམ་པ་་མཐོ་རུ་འགྲོ་ཆེད་འདེགས་སྐྱོར་བྱེད་པ་དང་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད། ཁོང་གིས་རོ་མ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འཕྲིན་གཏོང་ཁེ་ལས་ཀྱིས་རོ་མ་ནི་ཡར་མ་འཇོག་དང་ཚོང་གཉེར་བྱེད་པར་མུ་མཐུད་དྲང་གཞག་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་གཏོད་ནས་ཀྲུང་གོ་དང་རོ་མ་ནི་ཡའི་འཕྲིན་གཏོང་ཚོང་ལས་མཉམ་ལས་གཉིས་ཕན་གྱི་སྤྱི་ཡོངས་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།