འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།ཚོང་དོན་པུའུ་ཡིས་གལ་ཏེ་ཨ་རིས་དཔལ་འབྱོར་ཉོ་ཚོང་གི་རྩོད་པ་ཇེ་ཆེར་གཏོང་ན། ཀྲུང་གོ་ཕྱོགས་ཀྱིས་
མཐའ་གཅིག་ཏུ་ཁ་གཏད་གཞལ་རྒྱུ་ཡིན་ཞེས་བཤད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚོང་དོན་པུའུ་ཡིས་གལ་ཏེ་ཨ་རིས་དཔལ་འབྱོར་ཉོ་ཚོང་གི་རྩོད་པ་ཇེ་ཆེར་གཏོང་ན། ཀྲུང་གོ་ཕྱོགས་ཀྱིས་
མཐའ་གཅིག་ཏུ་ཁ་གཏད་གཞལ་རྒྱུ་ཡིན་ཞེས་བཤད།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་ཡོད་གནད་དོན་ལ་དམིགས་ནས། ཚོང་ལས་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས། ཀྲུང་གོ་ཕྱོགས་ཀྱིས་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་གཏན་ནས་ཟུར་བྱོལ་བྱ་རྒྱུ་མིན་པ་དང་། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་ཀྱིས་མུ་མཐུད་དུ་རྩོད་པ་ཇེ་ཆེར་གཏོང་ན། ང་ཚོས་ཀྱང་མཐའ་གཅིག་ཏུ་ཁ་གཏད་གཞལ་རྒྱུ་ཡིན་ཞེས་བཤད། 
     འདི་ནི་ཀའོ་ཧྥེང་གིས་ཉིན་དེར་འཚོགས་པའི་རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཨ་རི་ཕྱོགས་ཀྱིས་ཉེ་ཆར་སླར་ཡང་ཀྲུང་གོ་ལ་སྒོ་ཁྲལ་ཇེ་མཐོར་གཏོང་རྒྱུའི་འཇིགས་སྐུལ་བྱས་པར་དམིགས་ནས་ལན་སྤྲད་པ་རེད། 
     ཀའོ་ཧྥེང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ཁེར་རྐྱང་རིང་ལུགས་དང་། བཙན་གནོན་རིང་ལུགས་ཀྱི་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་འཐབ་རྩོད་ཀྱི་ལངས་ཕྱོགས་ཐད། ང་ཚོ་ནི་ཐོག་མཐའ་བར་གསུམ་ཏུ་གཅིག་ཡིན་ལ་ཁ་གསལ་པོའང་ཡིན། ང་ཚོར་འཐབ་རྩོད་བྱེད་འདོད་མེད། ཡིན་ནའང་འཐབ་རྩོད་ལ་མི་སྐྲག་ཅེས་བཤད། 
ཁོང་གིས། ཨ་རི་ཕྱོགས་ཀྱིས་གནོན་ཤུགས་ཚད་མེད་སྤྲད་ཅིང་། རྩོད་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བས། ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་གེགས་རྐྱེན་ཚབས་ཆེན་བཟོས་ཡོད། དེའི་འགན་འཁུར་ཚང་མ་ཨ་རི་ཕྱོགས་ཡིན།
     སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཤིག་དགོས། ཀྲུང་གོ་ཕྱོགས་ཀྱི་རྣམ་འགྱུར་ནི་ཧ་ཅང་ཁ་གསལ་བོ་ཡོད། གལ་ཏེ་ཨ་རི་ཕྱོགས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ན། རྣམ་འགྱུར་དྲང་མོ་བཟུང་ཞིང་ལྷག་བསམ་ཟོལ་མེད་སྒོས་ ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ཞེས་ཀའོ་ཧྥེང་གིས་བཤད། 
ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་སྔོན་འདིར་སྤེལ་བའི་《ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་། ཁྱོན་ཡོངས་ནས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་གསལ་པོར་འགྲེལ་ཡོད། མཉམ་ལས་ལ་རྩ་དོན་ཡོད་དགོས་ཤིང་། གྲོས་མོལ་ལ་མཐའ་ཚད་ཡོད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་གཏན་ནས་ཟུར་བྱོལ་བྱ་རྒྱུ་མིན་པ་བསྟན།