འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅༎མཚོ་སྔོན་གྱི་སྨན་བཅོས་རོགས་སྐྱོར་རུ་ཁག་མང་པོས་བོད་རིགས་ས་ཁུལ་ལ་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་གཞུང་བཙུགས་སྨན་ཁང་གཅིག་གིས་རྫོང་1ནས་2བར་ལ་འབྲེལ་བ་བྱེད་པའི་རྣམ་པ་གཞིར་བཟུང་སྨན་བཅོས་རོགས་སྐྱོར་རུ་ཁག་མང་པོ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རོགས་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས《ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་ལེན)》དངོས་སུ་བཏོན་པ་རེད། དེའི་ནང་སྒྲིག་ཁུངས་རིམ་པ་དང་ས་ཁོངས་ལས་བརྒལ་ནས་སྙོམས་སྒྲིག་བྱེད་པའི་ཤུགས་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་གཉིས་པོས་སྨན་བཅོས་རོགས་སྐྱོར་མི་སྣའི་ཞབས་འདེགས་འགན་ལེན་གྱི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ། སྡོད་ཁང་དང་། བཟའ་བཅའ། ཕྱིར་སྐྱོད་སོགས་ཀྱི་འཚོ་བ་དངོས་ཀྱི་གནད་དོན་ཐག་གཅོད་ལ་སྣང་ཆེན་བྱེད་པ། ལས་ཀ་དང་འཚམ་པའི་སྟེགས་བུ་མཁོ་འདོན་ལ་སྣང་ཆེན་བྱེད་པ་བཅས་ཀྱིས་སྨན་བཅོས་རོགས་སྐྱོར་མི་སྣར་བདེ་འཇགས་དང་བདེ་ཐང་གི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས་ཞེས་བཏོན་ཡོད།
     མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྨན་ཁང་ལྔ་པའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་དེས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བའི་རྨང་གཞིའི་ཐོག་སྨན་འབྲེལ་མ་དཔེ་བཏོད་ཅིང་། སྨན་བཅོས་རོགས་སྐྱོར་རུ་ཁག་གིས་ཡུན་རིང་བཅའ་སྡོད་རྣམ་པར་བརྟེན་ནས་རོགས་སྐྱོར་བྱས་པ་ཕུད། ད་དུང་རོགས་སྐྱོར་དང་ལེན་སྨན་ཁང་གི་མི་སྣར་རིན་མེད་གསོ་སྦྱོང་བྱས་པ་དང་། རིགས་གཅིག་མཁས་ཅན་གྱིས་གཞི་རིམ་དུ་ལག་རྩལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ། རྒྱང་ཁྲིད་ནད་དཔྱད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཕྱོགས་ཡོངས་ནས་རོགས་སྐྱོར་གྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་དང་ཆབས་ཅིག དམངས་ཀྱི་བདེ་ཐང་ཞབས་འདེགས་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།
     མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་གི་འགན་འཁུར་བས“མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་ལག་ལེན་བསྟར་བ་ལས་ནད་པ་དམངས་ལ་ཧ་ཅང་སྟབས་བདེ་བྱུང་བ་མ་ཟད། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ནུས་ལྡན་ཡང་བྱུང་ཡོད། འདི་ནི་དམངས་ཆེད་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་ཞིག་རེད”ཅེས་བཤད།