མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     སྤྱི་ཚོགས་ཡིད་རྟོན་མ་ལག་བསྐྲུན་རྒྱུ་དང་བསྟུན་ཐུབ་པའི་ཁྲོམ་རའི་ལྟ་འདོམས་ལམ་ སྲོལ་གསར་པ་མགྱོགས་མྱུར་བཟོ་དགོས་པའི་བཀོད་སྒྲིག་དང་། འགག་སྒྲོལ་སྟབས་བདེ་ཅན་ལ་སྔར་བས་སྐུལ་འདེད་བཏང་སྟེ་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ སུ་གཏོང་རྒྱུ། ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནང་འདྲེན་ཕྱིར་གཏོང་གི་སྣ་མང་ཅན་གྱི་འཕེལ་རྒྱས་ཡོང་བ་བྱེད་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཚོགས་ཡིད་རྟོན་མ་ལག་བསྐྲུན་རྒྱུ་དང་བསྟུན་ཐུབ་པའི་ཁྲོམ་རའི་ལྟ་འདོམས་ལམ་སྲོལ་གསར་པ་མགྱོགས་མྱུར་བཟོ་དགོས་པའི་བཀོད་སྒྲིག་གནང་བ་དང་། འགག་སྒྲོལ་སྟབས་བདེ་ཅན་ལ་སྔར་བས་སྐུལ་འདེད་བཏང་སྟེ་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུའི་གཏན་འབེབས་གནང་བ། ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནང་འདྲེན་ཕྱིར་གཏོང་གི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་བཅས་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཡིད་རྟོན་ནི་ཁྲོམ་རའི་བྱེད་པོའི་ཆགས་ས་བརྟེན་ས་གཙོ་བོ་དེ་ཡིན་ཞིང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་དྲང་གཞག་ལྟ་འདོམས་བྱ་རྒྱུ་ངེས་པར་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས། ལྟ་འདོམས་ཡག་པོ་བྱས་ཚེ་གཞི་ནས་གློད་གཏོང་ཡག་པོ་ཐུབ་ཀྱི་ཡོད། ཡིད་རྟོན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྨང་གཞི་དང་དེ་ནི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འགག་རྩ་ཡིན་པས་ལྟ་འདོམས་ནུས་པ་མཐོ་རུ་ནུས་ལྡན་གཏོང་བ་དང་། དྲང་གཞག་འགྲན་རྩོད་སྲུང་སྐྱོང་ཐུབ་པ། ཁྲོམ་རའི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ་བཅས་བྱེད་ཐུབ། གཅིག་ནས་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་མཚོན་རྟགས་སུ་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དབང་གྲགས་ལྡན་པ་དང་། གཅིག་གྱུར། བཙལ་འཚོལ་ཐུབ་པ་བཅས་ཀྱི་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཐོ་འགོད་བཟོ་བ་དང་འབྲེལ་ཁྲིམས་ལྟར་ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་བྱས་ཏེ་སྡེ་ཚན་གྱིས་སྒེར་སྡེམ་བྱེད་པ་དང་ཆ་འཕྲིན་གྱི“ཁེར་ཆགས་གླིང་ཕྲན”མེད་པ་བཟོ་དགོས་པ་དང་། གཉིས་ནས་ཁ་དན་ཚིག་ལ་མ་གནས་པར་མཉམ་འབྲེལ་ཆད་གཅོད་ཀྱི་སྤུ་གྲི་རྣོན་པོ་འདི་ཡག་པོ་སྤྱོད་དགོས་པ། གསུམ་ནས“དྲ་སྦྲེལ་+ལྟ་སྡོམ”ལ་སྐུལ་འདེད་བཏང་སྟེ་གྲངས་གཞི་ཆེ་མོ་སོགས་ལག་རྩལ་སྤྱད་ནས་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་དྲན་སྐུལ་བྱེད་པ། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ་ལྟ་འདོམས་ཀྱི་དུས་ཐོག་རང་བཞིན་དང་། གནད་སྨིན་རང་བཞིན། གོ་ཆོད་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས་པ་བཅས་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་གྱིས་འགག་སྒྲོལ་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོའི་ཟླ་5པ་བར་ནང་འདྲེན་དང་ཕྱིར་གཏོང་གི་སྤྱི་ཡོངས་ཀྱི་འགག་སྒྲོལ་དུས་ཚོད་ནི་2017ལོ་ལས་ཕྱེད་ཀས་ཐུང་བའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཐུབ་པ་དང་འགག་སྒྲོལ་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ་རེད། 
     གོམ་སྟབས་རྗེས་མར་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། གཅིག་ནས་གཞི་གཅིག་ཅན་གྱི་འགག་སྒྲོལ་ལས་རིམ་མུ་མཐུད་སྟབས་བདེར་བཏང་ནས་ནང་འདྲེན་གྱི་གནད་བསྡུས་རེ་ཞུ་དང་ཆ་ཚང་རེ་ཞུའི“རེ་ཞུ་གཉིས”ཀྱི་འགག་སྒྲོལ་བྱེད་ཐབས་ལ་སྒྱུར་བཅོས་བྱས་ཏེ་འགག་སྒྲོལ་དུས་ཚོད་ཐུང་དུ་ཤུགས་ཆེན་གཏོང་དགོས་པ་དང་། གཉིས་ནས་ནང་འདྲེན་ཕྱིར་གཏོང་ལྷུ་ཚིགས་ཀྱི་ལྟ་འདོམས་ལག་ཁྱེར་སྔར་བས་སྟབས་བདེར་བཏང་ནས་ལོ་མཇུག་གོང་བདེ་འཇགས་གསང་སྲུང་སོགས་དམིགས་བསལ་གནས་ཚུལ་ཕུད་པའི་ལྟ་འདོམས་ལག་ཁྱེར་ཚང་མ་ལོ་གཅིག་གི་སྔ་སྣུར་དུ་དྲ་ཐོག་ནས་རེ་ཞུ་དང་དྲ་ཐོག་ཏུ་བཟོ་ཐུབ་པ་བྱེད་དགོས་པ། གསུམ་ནི་ས་ཆ་ཁག་གིས་འགག་སྒོའི་གཉེར་སྐྱོང་ཞབས་ཞུའི་ཁེ་ལས་ཀྱི་བཀོལ་སྤྱོད་དུས་ཚད་ཀྱི་ཚད་གཞི་དུས་ཚོད་དམ་འཛིན་གྱིས་ཡོངས་བསྒྲགས་བྱས་ཏེ་འགག་སྒོའི་ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་བྱེད་པོར་བྱས་ཏེ་རྒྱུ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་བཏང་བས་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་སྤུས་འཕར་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་ཕན་ཐོགས་ཡོད། རྒྱལ་ཁབ་དེ་བས་མང་བ་དང་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྱི་གྲོས་དོན་དང་ས་ཁོངས་ཚོང་དོན་གྱི་གྲོས་དོན་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་རྒྱ་ཆེར་གཏོང་བའི་ཞིབ་འཇུག་བྱེད་དགོས། ཁེ་ལས་ལ་རྒྱལ་སྤྱིའི་ཚོང་གཉེར་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བའི་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་དང་བསྟུན་ཐུབ་པའི་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་ནང་འདྲེན་མང་དུ་ཧུར་ཐག་བཏང་ནས་ནང་འདྲེན་ཕྱིར་གཏོང་དོ་སྙོམས་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  
style="display:none;"