འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅༎མཐོ་སློབ་39ཡི་གྲོང་གསེབ་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཚོད་ལྟ་ཁང་སྣ་ཚོགས་300ལྷག་ཙམ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། མཐོ་སློབ་གཏིང་ཟབ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ལ་རང་འགུལ་ངང་ཞབས་འདེགས་ཞུ་ཆེད། 《མཐོ་རིམ་སློབ་གྲྭའི་གྲོང་གསེབ་དར་རྒྱས་ཀྱི་ཚན་རྩལ་གསར་གཏོད་བྱ་སྤྱོད་འཆར་གཞི(2018ལོ་ནས་2022ལོ་བར)》2018ལོའི་ལོ་མཇུག་ཏུ་བཀྲམ་པ་རེད། 《བྱ་སྤྱོད་འཆར་གཞི》བཏོན་རྗེས་མཐོ་སློབ་ཁག་གིས་དང་ལེན་ཧུར་ཐག་བྱས་ཏེ་ཀྲུང་དབྱང་དང་སློབ་གསོ་པུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཐོན་ལས་དར་རྒྱས་དང་། ཤེས་ལྡན་པ་དར་རྒྱས། རིག་གནས་དར་རྒྱས། སྣོད་བཅུད་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ལ་དམིགས་ཏེ་མཐོ་སློབ་ཀྱི་གསར་གཏོད་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་པ། ཞིང་ལས་ཕྱོགས་ཡོངས་རིམ་སྤོར་དང་། གྲོང་གསེབ་ཕྱོགས་ཡོངས་ཡར་རྒྱས། ཞིང་པ་ཕྱོགས་ཡོངས་འཕེལ་རྒྱས་བཅས་ལ་གཏིང་ཟབ་སྐུལ་འདེད་བཏང་བས་ཚན་པ་30ལྷག་ཙམ་གྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཇུས་གཞི་བཟོས་པ་དང་ཚན་པ་13གྱིས་གྲོང་གསེབ་དར་རྒྱས་སློབ་གླིང་བཙུགས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མཐོ་སློབ་39ཡི་གྲོང་གསེབ་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཚོད་ལྟའི་ས་ཚིགས་སྣ་ཚོགས་300ལྷག་ཙམ་དང་། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་ལས་སྒྲུབ་ས་ཚིགས་500ལྷག་ཙམ། ཞིང་ལས་ཁྱབ་གདལ་དཔེ་སྟོན་རྟེན་གཞི་དང་ཁྱད་ལྡན་ཐོན་ལས་རྟེན་གཞི་སྣ་ཚོགས་1400ཙམ། ཞིང་འབྲེལ་ལ་ཞབས་འདེགས་ཞུ་བའི་ཁེ་ལས་1700ལྷག་ཙམ་བཅས་བསྐྲུན་ནས་གྲུབ་འབྲས་གསར་པ་ཁག་ཁྲི་1ལྷག་ཙམ་དཔེ་སྟོན་ཁྱབ་གདལ་བཏང་བས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6000གསར་འཕར་བྱུང་ཡོད།
     སློབ་གསོའི་པུའི་འབྲེལ་ཡོད་འགན་ཁུར་བས་མཐོ་སློབ་ནི་ཆུ་ཚད་མཐོ་བའི་ཞིང་ལས་གྲོང་གསེབ་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་གཅིག་སྡུད་བྱེད་ས་ཡིན་པ་དང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི“ལོ་ལྔ་ཚན་བཅུ་གསུམ་པའི”ལས་གནས་གསར་སྣོན་བྱས་པའི་ཚན་རིག་མཁས་ཅན་ཁྲོད་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་164ཡོད་པ་དེས་སྤྱིའི་མི་འབོར་གྱི་46%བཟུང་ཡོད། མཐོ་སློབ་ཀྱིས་གྲོང་གསེབ་དར་རྒྱས་ལག་བསྟར་ནང་ཞུགས་ཏེ་ལག་ལེན་ལ་བརྟེན་ནས་མི་སྐྱོང་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད་རྒྱ་ཆེའི་གྲོང་གསེབ་དང་ཁེ་ལས་འཁོར་ཁང་སོགས་མཐོ་སློབ་ཀྱི་ལག་ལེན་སློབ་ཁྲིད་བྱེད་པའི་སློབ་ཁང་དུ་གྱུར་བ་དང་རྩལ་ནུས་ཡོད་པའི་ཞིང་པ་དང་ཁེ་ལས་ཀྱི་ལག་རྩལ་མི་སྣ་སློབ་ཆེན་གྱི་ལག་ལེན་དངོས་སློབ་ཁྲིད་བྱེད་པའི་དགེ་རྒན་དུ་གྱུར་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཆེད་དུ“ཆུ་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པའི”སྤུས་ཚད་མཐོ་བའི་གསར་གཏོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད། མཐོ་སློབ་39ཡི་གྲོང་གསེབ་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང་ལ་ཆ་མཚོན་ན། ཚན་རྩལ་ཆེད་མངགས་པ་མི་ཐེངས་ཁྲི་4.6མངགས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པ་མི་ཐེངས་ཁྲི་48ལྷག་ཙམ་གསོ་སྦྱོང་བྱས་པ། ཞིང་ལས་ལག་རྩལ་པ་མི་ཐེངས་ཁྲི་43ལྷག་ཙམ་གསོ་སྦྱོང་བྱས་པ། རྣམ་པ་སྣ་ཚོགས་ཐོག་ནས་ཆེད་ལས་ཞིང་པ་གསར་པ་མི་ཐེངས་ཁྲི་250ལྷག་ཙམ་གསོ་སྦྱོང་བྱས་ཡོད།