འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཀྲུང་ཨའི“འབྲེལ་གཅོད་སྨྲ་བ”ནི་ལོ་རྒྱུས་ཕྱིར་བཤོལ་བྱས་པ་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཨ་རི་ཕྱོགས་ཀྱི་མི་འགའ་ཞིག་གིས་ཀྲུང་ཨའི“འབྲེལ་གཅོད་སྨྲ་བ”འུད་སྒྲོག་བྱེད་པར་དམིགས་ཏེ། ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱི་མི་འགའ་ཞིག་ལ་འདུ་ཤེས་འཛིན་སྟངས་ཀྱི་སྲོལ་རྙིང་དོར་ནས་ལོ་རྒྱུས་ཕྱིར་བཤོལ་བྱ་རྒྱུའི་རེ་ངན་འཆང་མི་རུང་བའི་ཁ་ཏ་བསླབ་བྱ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀེང་ཧྲོང་གིས་དེ་ཉིན་འབྲེལ་ཡོད་དྲི་བར་ལན་བསྐྱོན་སྐབས། “འབྲེལ་གཅོད་སྨྲ་བ”ནི་འཇམ་འཐབ་ཀྱི་བསམ་བློ་མཁྲེགས་བཟུང་བྱེད་མཁན་དང་རང་མེད་མི་མེད་བཟོ་བའི་ལྟ་བ་འཁྱེར་མཁན་ཨ་རིའི་མི་ཉུང་ཤས་ཀྱིས་འུད་སྒྲོག་བྱས་པའི་ཉེན་ཁ་ཤིན་ཏུ་ཆེ་ལ་འགན་རྩ་བ་ནས་མ་འཁུར་བའི་ཤོད་ཚུལ་ཞིག་རེད། “ཤོད་ཚུལ་དེ་རིགས་ཀྲུང་ཨའི་འབྲེལ་བའི་མཉམ་ལས་གཉིས་ཁེའི་ངོ་བ་དང་རྒྱབ་འགལ་དུ་སོང་བ་དང་། རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་དམངས་ཀྱི་འདོད་འདུན་སྣང་མེད་དུ་བཏང་བ། དུས་རབས་འཕེལ་རྒྱས་ཡར་ཐོན་གྱི་འཕེལ་ཕྱོགས་དང་མི་མཐུན་པ་བཅས་ཡིན་པས་དེར་རྒྱབ་སྐྱོར་ཐོབ་མི་སྲིད་ལ་ལམ་ལྷོངས་ཀྱང་མི་ཡོང་བ་གཏན་འཁེལ་རེད”ཅེས་བརྗོད་པ་རེད།
     ཁོང་གིས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40སོང་རིང་། རྒྱལ་ཁབ་གཉིས་པོའི་དབར་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་གསབ་རེས། མཉམ་འདྲེས་ཟབ་མོ་བཅས་ཀྱི་ཁེ་ཕན་གྱི་རྣམ་པ་དང་གཉིས་ཁེ་གཉིས་ཕན་གྱི་འབྲེལ་བ་ཞིག་ཆགས་ཡོད། ད་ཆ་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ཕན་ཚུན་ཚོང་དོན་གྱི་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཨ་རིའི་ཀུང་སི་ཆེ་གྲས་ཕལ་ཆེ་བར་ཀྲུང་གོར་ལས་སྒོ་ཡོད་ལ་ཀྲོའུ་ཚང་མ་དང་ཀྲུང་གོའི་དབར་མཉམ་ལས་ཀྱི་འབྲེལ་བ་ཡོད། ཀྲུང་གོ་དང་ཨ་རིའི་དབར་མཛའ་གྲོགས་ཀྱི་ཞིང་ཆེན་དང་ཀྲོའུ་50དང་མཛའ་གྲོགས་ཀྱི་གྲོང་ཁྱེར་227ཡོད་པ་དང་ཉིན་ལྟར་ཧ་ལམ་མི་ཁྲི་1.4ཙམ་དུས་གཏན་གནམ་གྲུར་བསྡད་དེ་ཞི་བདེ་རྒྱ་མཚོ་ཆེ་མོའི་ངོགས་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། ཨ་རིར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཁྲོད་ནས་ཁེ་ཕན་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད། 2017ལོ་ཁོ་ནར་ཨ་རིའི་མ་འཇོག་ཁེ་ལས་ལ་ཀྲུང་གོ་ནས་ཕྱིར་ཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་7000ལྷག་ཙམ་བྱུང་ནས་ཁེ་བཟང་ཨ་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།
    “ཀྲུང་ཨའི་འབྲེལ་བ་གཅོད་པར་སྔོན་ལ་ཀུང་སི་དང་ཁེ་ལས་དེ་དག་དང་། ས་གནས་དང་། ཞིང་ཆེན། ཀྲོའུ། དེ་བཞིན་རྒྱལ་ཁབ་གཉིས་པོའི་སྤྱི་དམངས་བཅས་ལ་མོས་མཐུན་ཡོད་མེད་སྐད་ཆ་འདྲི་དགོས”ཞེས་ཀེང་ཧྲོང་གིས་བརྗོད་པ་རེད།
    ཁོང་གིས་ཀྲུང་ཨ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་ཞིང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་ཀྱི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། གལ་ཏེ་བཙན་ཤེད་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བཅད་ན་ད་ཡོད་ཀྱི་འཛམ་གླིང་དཔལ་འབྱོར་སྦྲེལ་ཐག་འཁྲུག་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་ལ་གཏོར་བཤིག་ཕོག་ནས། རྒྱལ་སྤྱིའི་ཁྲོམ་ར་ཟང་ཟིང་དང་དངུལ་རྩའི་ཁྲོམ་རར་གཡོ་འགུལ་ཐེབས་རྒྱུ་ཡིན་པས་དེ་ནི་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་མཐོང་འདོད་ཡོད་པ་ཞིག་ག་ལ་ཡིན་ཞེས་བརྗོད་པ་རེད།
     ཀེང་ཧྲོང་གིས“ང་ཚོས་ཨ་རིའི་མི་འགའ་ཞིག་ལ་རང་ཉིད་ཀྱི་བྱེད་ལུགས་བྱེད་སྟངས་ལ་བསམ་ཞིབ་ནན་པོ་དང་རང་སྐྱོན་རང་བརྟག་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་སྲོལ་རྙིང་འདོར་བ། ཕྱོགས་ལྷུང་གི་ལྟ་བ་དང་རྙིང་ཞེན་གྱི་བསམ་བློའི་གཏམ་བརྗོད་ཁྱབ་སྤེལ་བྱེད་མཚམས་འཇོག་པ་བཅས་བྱས་ནས་ལོ་རྒྱུས་ཕྱིར་བཤོལ་བྱ་རྒྱུའི་རེ་ངན་མི་འཆང་རྒྱུའི་ཁ་ཏ་བསླབ་བྱ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
     ཁོང་གིས་ལོ་རྒྱུས་དང་དོན་དངོས་ལས་ར་འཕྲོད་བྱས་པར། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀ་ཕུང་རྒྱུ་ཡིན་པས་མཉམ་ལས་ནི་ཕྱོགས་གཉིས་པོའི་གདམ་ག་ཡག་ཤོས་དེ་རེད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་བྱེད་རྒྱ་ཆེ་ཏུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་བྱས་ཏེ་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།