འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་འཕེལ་རྒྱས་རྒྱུན་མཐུད་སྐྱོན་བྲལ་དང་ཚད་
ལྡན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་12ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་སྐོར་གྱི་འཆར་ཅན་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བཅུ་ཡིས《སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་འཕེལ་རྒྱས་རྒྱུན་མཐུད་སྐྱོན་བྲལ་དང་ཚད་ལྡན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་དུ་བཀྲམ་པ་དང་། སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་ངེས་གནས་དང་འཕེལ་ཕྱོགས་ལ་གཞི་ཚུགས་ནས་དུས་འགོའི་ལས་དོན་ལ་ཤུགས་སྣོན་དང་སྲ་བརྟན་དུ་བཏང་བའི་རྨང་གཞིའི་ཐོག་ལྕག་སྐུལ་དང་རྒྱབ་སྐྱོར་གྱི་སྲིད་ཇུས་ཁག་གཅིག་བཏོན་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། བསམ་འཆར་ནང་ཞིབ་མཆན་ཆོག་འཐུས་དང་། ཞིབ་དཔྱད་གདེང་འཇོག ཞིབ་བཤེར་ཞབས་འདེགས། མི་སྣའི་འོས་བབ། ལྟ་སྐུལ་དོ་དམ་སོགས་དང་སྨན་བཅོས་ཀྱི་སྤུས་ཚད་བདེ་འཇགས་སོགས་ཀྱི་ཐད། སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞི་དང་གཞུང་བཙུགས་སྨན་བཅོས་སྒྲིག་གཞིར་ལྟ་སྟངས་གཅིག་པ་འཛིན་པ་དང་ཐོབ་ཐང་འདྲ་མཉམ་དགོས་པ་དང་། འཆར་འགོད་དང་། ཁྲལ་བསྡུ། ཞབས་འདེགས་ཞུ་ནུས་འཛུགས་སྐྱོང་སོགས་ལ་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིར་སྔར་བས་ཕྱོགས་དགོས།
    “སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞི་ནི་རང་རྒྱལ་གྱི་སྨན་བཅོས་ཞབས་འདེགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྨན་བཅོས་ཐོན་ཁུངས་མཁོ་སྤྲོད་ནུས་ལྡན་ཇེ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་རིམ་པ་མང་ལ་སྣ་མང་ཅན་གྱི་བདེ་ཐང་ཞབས་འདེགས་ཀྱི་དགོས་མཁོ་སྐོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད”ཅེས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་གིས་བཤད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིར་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་བཤད།
     2018ལོའི་ལོ་མཇུག་བར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་གྲངས་འབོར་ཁྲི་45.9ཟིན་པ་དེས་46%བཟུང་པ་དང་། སྤྱི་ཚོགས་ཀྱི་སྨན་ཁང་ཁྲི་2.1ཟིན་པ་དེས་63.5%བཟུང་ཡོད། སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིའི་མི་སྣ་དང་། ཉལ་ཁྲི། སྒོ་བསྟེན་སྨན་བཅོས་བྱེད་ཚད་བཅས་ཀྱི་བཟུང་ཚད་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།
    བསམ་འཆར་ནང་བཏོན་དོན། སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་མང་དུ་གཏོང་བའམ་ཡང་ན་ལེགས་སྒྲིག་བྱེད་སྐབས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཉེར་བའམ་ཡང་ན་གཉེར་སྐྱོང་བྱས་པའི་འབྲེལ་ཡོད་སྨན་བཅོས་སྒྲིག་གཞིར་ཐོག་མར་བསམ་གཞིག་བྱེད་དགོས། གཞུང་ཁོངས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ལོ་འཁོར་གྱི་མཁོ་སྤྲོད་འཆར་གཞི་བཀོད་སྒྲིག་བྱེད་སྐབས་ས་ཁུལ་དེ་རང་གི་སྨན་བཅོས་སྒྲིག་ཆས་མི་འདང་བར། མཁོ་སྤྲོད་འཆར་གཞིའི་ཁྲོད་དུ་སྨན་བཅོས་འཕྲོད་བསྟེན་གྱི་ས་ཆ་དོན་འཁྱོལ་དང་སྔོན་ལ་འགན་ལེན་བྱེད་དགོས། འདྲ་མཉམ་དང་། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་གཞིར་བཟུང་སྤྱི་ཚོགས་ཀྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་བཙུགས་པ་དང་ཞབས་འདེགས་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱེད་དགོས། ཁེ་སྤོགས་རང་བཞིན་གྱི་སྤྱི་ཚོགས་སྨན་བཅོས་སྒྲིག་གཞིས་གཏན་འབེབས་གཞིར་བཟུང་ཕྲན་ཚེགས་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིཌ་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག
     བསམ་འཆར་ནང་ཁ་གསལ་བཏོན་དོན། “གློད་སྡོམ་ཞབས་གསུམ”ལ་སྐུལ་འདེད་བཏང་ནས་ཆོག་འཐུས་ཞིབ་མཆན་གྱི་ཞབས་འདེགས་ཞུ་སྟངས་སྟབས་བདེ་རུ་གཏོང་དགོས། ས་གནས་ཁག་གིས་སྤྱི་ཚོགས་སྨན་བཅོས་སྒྲིག་གཞིས་སྡེ་ཚན་ལས་བརྒལ་ནས་མཉམ་སྒུལ་ཞིབ་མཆན་གྱི་ལག་ལེན་བསྟར་ཐབས་ལེགས་སུ་གཏོང་དགོས། སྨན་བཅོས་ཞབས་འདེགས་དང་སྨན་བཅོས་སྤུས་ཚད་དོ་དམ་ཚོད་འཛིན་དང་། གདེང་འཇོག་མ་ལག་ལ་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞི་འཇུག་དགོས། སྤྱི་ཚོགས་ཀྱི་སྨན་བཅོས་སྒྲིག་གཞིར་རིགས་ཁ་པའི་སྨན་སྤྱོད་སྒྲིག་ཆས་ཆེ་གྲས་སྒྲིག་སྦྱོར་བྱས་ནས་ཁས་ལེན་ལམ་སྲོལ་ལག་ལེན་བསྟར་དུ་འཇུག་དགོས། པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་བཅུ་རུ་སྒོ་བསྟེན་སྨན་ཁང་ཐོ་བཀོད་ནས་དོ་དམ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་འཛུགས་དགོས།
     གཞན་ཡང་། བསམ་འཆར་ནང་ད་དུང་གཞུང་བཙུགས་སྨན་ཁང་དང་སྤྱི་ཚོགས་སྨན་བཅོས་སྒྲིག་གཞིས་ལས་བགོས་མཉམ་ལས་དང་། གཉེར་སྐྱོང་དོ་དམ་ཞབས་འདེགས་ལེགས་སུ་གཏོང་བ། སྨན་བཅོས་འགན་བཅོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།