འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།རང་རྒྱལ་གྱི་རིག་ནུས་མྱུར་བགྲོད་ལྕགས་ལམ་པེ་ཅིང་ནས་ཀྲང་ཅ་ཁ་བར་གྱི་མྱུར་བགྲོད་ལྕགས་
ལམ་གྱི་ལམ་ཐིག་ཧྲིལ་པོའི་འཁོར་ལམ་ཏལ་འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། འཁོར་ལམ་བཏིངས་ནས་དུས་ཡུན་ཟླ་བ་7གྱི་རྗེས་སུ་ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་ཀྱི་སྙིང་བཅུད་གཅིག་ཏུ་སྡུད་པ་དང་རིག་ནུས་མྱུར་བགྲོད་ལྕགས་ལམ་དཔེ་སྟོན་ལས་གྲྭར་གྲགས་པའི་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་འཁོར་ལམ་ཧྲིལ་པོ་ཏལ་འབིགས་ཐུབ་པ་རེད།
     ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་མཉམ་ལས་བྱས་ནས་འཕེལ་རྒྱས་བཏང་བའི་རྨང་གཞིའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་2020ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲིམ་འགྲུལ་འགན་ལེན་བྱེད་པའི་སྒྲིག་བཀོད་གལ་ཆེན་ཞིག་རེད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་174ཡོད་པ་དང་པེ་ཅིང་ཤར་ཚུགས་ནས་ཐོན་འགོ་ཚུགས་པ་དང་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཡུལ་གཞན་ཞིག་ཡིན་པའི་ཀྲང་ཅ་ཁར་སླེབས་ཀྱི་ཡོད།
    རང་རྒྱལ་གྱི་རིག་ནུས་མྱུར་བགྲོད་ལྕགས་ལམ་གྱི་དཔེ་སྟོན་ལས་གྲྭ་ཞིག་གི་ངོས་ནས། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་རིག་ནུས་ཅན་གྱི“གཞི་རྒྱུ”དེའི་འཛུགས་སྐྲུན་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་གབ་ནས་གནས་ཡོད། འཁོར་ལམ་འདིང་བའི་ལས་ཡུན་ཐུང་བ་དང་སྣོལ་སྡེབ་ལས་སྒྲུབ་མང་བ་སོགས་ཀྱི་འགྲན་སློང་ཐག་གཅོད་བྱ་ཆེད། ཀྲུང་གོ་ལྕགས་ལམ་ཅུས་གསུམ་པས་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་སྣ་ཚོགས་ནང་འདྲེན་དང་ཞིབ་སྤེལ་བྱས་ཏེ་བཀོད་འདོམས་ལྟེ་གནས་ཆ་འཕྲིན་ཅན་དང་རིག་ནུས་ཅན་མངོན་འགྱུར་བྱུང་བ་དང་སྤུས་ཚད་ཁུངས་འདེད་ཀྱི་དུས་འཁོར་ཡོངས་ཀྱི་རིག་ནུས་ཅན་སོགས་མངོན་འགྱུར་བྱུང་ནས་ལས་གྲྭ་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད།
     མེ་འཁོར་གྱི་རང་འགུལ་འཁོར་གཏོང་མ་ལག་སྤྱིའི་ཆ་ནས་ས་འོག་ལྕགས་ལམ་དང་གཅིག་པ་ཡིན་པ་དང་མི་འདྲ་བ་ནི་མྱུར་ཚད་རེད། “འདི་ནི་འཛམ་གླིང་དུ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཡི་འོག་ཁ་ལོ་བ་ཡག་ཤོས་ཞིག་ལ་ལད་མོ་བྱེད་པ་དང་། རྩིས་ཐབས་ལ་བརྟེན་ནས་བདེ་འཇགས་དང་། ནུས་རྒྱུ་གྲོན་ཆུང་། ནུས་ཆེ་བཅས་ཀྱི་མེ་འཁོར་ཐོག་མ་བཏང་བ་ཞིག་རེད”ཅེས་ཀྲུང་གོ་ལྕགས་ལམ་གྱི་ཅིང་ཀྲང་མྱུར་བགྲོད་བརྡ་རྟགས་ཇུས་བཀོད་ཀྱི་འགན་འཁུར་བ་ཝང་ཏུང་ཧྥང་གིས་བརྗོད།