འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།ཤར་ནུབ་རོགས་ལས་ཀྱི་དབུལ་སྐྱོར་འཁོར་ཁང་ཀྲུང་ཧྭའི་བྱང་རྒྱུད་ཀྱི་རི་གྲོང་ཆུང་ཆུང་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆིན་ཅིང་གིས།
    ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ལུང་ཧྭ་རྫོང་ཕན་ཕོ་ཤང་ཕན་ཕོ་ཡིང་གྲོང་ཚོའི་འཁོར་ཁང་ཞིག་ཏུ་གྲོང་མི་ལི་ཧའེ་ཡན་ལས་ཀར་བྲེལ་བཞིན་ཡོད་པ་དང་། འཁོར་འཚེམ་གྱི“ཏ་ཏ”ཞེས་པའི་སྒྲ་གྲགས་པ་དང་བསྟུན་ནས་ཁོ་མོས་སྲིང་བལ་གྱི་གོས་ཐུང་ཞིག་མགྱོགས་མྱུར་བཙེམས་ཤིང་། ལི་ཧའེ་ཡན་གྱིས“གྲོང་ཚོར་དབུལ་སྐྱོར་འཁོར་ཁང་བཙུགས་པ་ནས་བཟུང་ང་རང་ཡང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་བྱུང”ཞེས་བཤད་པ་དང་། ཁོང་གིས་ད་ལྟ་རང་ཉིད་ལ་ཟླ་རེར་གླ་ཆ་སྒོར་2000ལྷག་ཙམ་ཡོད་པས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་སོང་ཞེས་བཤད།
    གྲོང་གསེབ་ཀྱི་གྲོང་སྲུང་གཞིས་སྲུང་བུད་མེད་དབུལ་པོ་ལས་ཞུགས་དཀའ་བ་དང་འབབ་འཕར་དཀའ་བའི་གནད་དོན་ལ་དམིགས་ནས། 2018ལོ་ནས་བཟུང་ཐེན་ཅིན་གྲོང་ཁྱེར་ཅིན་ནན་ཆུས་ཀྱིས་ཁྲེང་ཏེ་གྲོང་ཁྱེར་ལུང་ཧྭ་རྫོང་དང་མཉམ་དུ་གྲོང་གསེབ་དབུལ་པོར་དབུལ་སྐྱོར་བཟོ་གྲྭ་25དང་དབུལ་སྐྱོར་འཁོར་ཁང་158བཙུགས་པས“ཤང་ཚང་མར་དབུལ་སྐྱོར་བཟོ་གྲྭ་དང་གྲོང་ཚོ་ཚང་མར་དབུལ་སྐྱོར་འཁོར་ཁང་ཡོད་པའི”རྣམ་པ་ཞིག་ཆགས་ནས་ལས་ཞུགས་ཐུབ་ཚད་མི་4000ཟིན་པ་དང་། དེའི་ནང་ངལ་རྩོལ་ནུས་ཤུགས་ཞན་པའི་མི་2000དང་བུད་མེད་དབུལ་པོ་1300ཡོད་པ་རེད།
    ལི་ཧའེ་ཡན་གྱི་ཁྱིམ་དང་བར་ཐག་སྤྱི་ལེ་ལྔ་ཙམ་ཆོད་པའི་ཀྲང་སན་ཡིང་གྲོང་རྡལ་ཧོའུ་ཅེ་ཁྲོམ་གཞུང་གི་གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་དུ་ཀྲང་ཞའོ་ཧྭ་ཡིས་མཉམ་དུ་ལས་ཀ་བྱེད་མཁན་གཅེན་གཅུང་ཚོར་འཚེམ་བཟོའི་ལག་རྩལ་སློབ་བཞིན་འདུག ལོ་མང་རིང་ཁོང་གཅིག་པུས་རང་གི་བུ་མོ་གསོས་པ་མ་ཟད། ད་དུང་ལོ་93ལ་སླེབས་པའི་ཨ་མ་རྒན་མོར་ལྟ་རྟོག་བྱེད་ཀྱི་ཡོད་པས་འཚོ་བ་སྐྱོ་ཙམ་ཡོད་ཅིང་། ཀྲང་ཞའོ་ཧྭ་ཡིས“དེ་གར་གླ་པ་རྒྱུག་པའི་གོ་སྐབས་ལ་ངས་གཅེས་འཛིན་ཡག་པོ་བྱེད་ཀྱི་ཡོད། ཁྱིམ་དང་ཐག་ཉེ་པོ་ཡོད་པས་ངས་ཁྱིམ་དང་ལས་ཀ་གཉིས་ཀར་ལྟ་རྟོག་ཐུབ་ཀྱི་འདུག དབུལ་སྐྱོར་འཁོར་ཁང་གིས་རང་ཉིད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཐུབ་བྱུང”ཞེས་བཤད།
    མའོ་ཅིང་པ་ཤང་ཆན་སུང་ཏན་གྲོང་ཚོའི་ཡུལ་མི་ལི་ཞའོ་ཅོན་ནི་གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་དུ་ལས་ཀར་ཞུགས་མཁན་ཁག་དང་པོའི་གྲས་ཡིན་པ་དང་། ད་ཆ་དབུལ་སྐྱོར་འཁོར་ཁང་གི་རྐང་འཛིན་པར་གྱུར་ཅིང་། ལི་ཞའོ་ཅོན་གྱིས“ངས་མི་དེ་བས་མང་བ་དབུལ་སྐྱོར་འཁོར་ཁང་དུ་ཞུགས་རྒྱུར་སྣེ་ཁྲིད་བྱས་ནས་ཚང་མ་དང་མཉམ་དུ་ལས་ཀ་ཧུར་ཐག་བྱས་ཏེ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
     ཁྲེང་ཏེ་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་པའེ་ཞའོ་ཧྭ་ཡིས། མིག་སྔར་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱིས་ཁྲེང་ཏེ་གྲོང་ཁྱེར་ལ་རོགས་སྐྱོར་དངུལ་སྒོར་དུང་ཕྱུར་10བཏང་ནས་རོགས་སྐྱོར་རྣམ་གྲངས་238ལག་བསྟར་བྱས་ཡོད། རྣམ་གྲངས་བརྒྱུད་མི་འབོར་དབུལ་པོ་ཁྲི་2.7གྱི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1.85ལ་དབུལ་སྐྱོར་བརྟན་པོ་བྱུང་ཡོད། གཞན་ཡང་ཁྲེང་ཏེ་གྲོང་ཁྱེར་གྱི་རོགས་སྐྱོར་ཐོབ་པའི་རྫོང(གྲོང་ཁྱེར)7ལ་ལས་ཞུགས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་276གཉེར་རོགས་བྱས་ནས་མི་ཐེངས་14636ལ་གསོ་སྦྱོང་བྱས་ཡོད་ཅེས་བཤད་པ་རེད།