འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་དུ། ཞིང་འབྲོག་དུད་ཚང་ཁྲི་1.5ལྷག་ཙམ་ལ་ཁྱིམ་ཚང་སྨན་པ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལུས་པོ་མི་བདེ་ན་ཁ་པར་ཅིག་བརྒྱབ་མ་ཐག་ཁྱིམ་ཚང་སྨན་པས་སྨན་སྒམ་ཁུར་ནས་ཡོང་བས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་མོ་ལ་སྨད་ཤང་ཚྭ་མགོ་གྲོང་ཚོའི་གྲོང་མི་རྒྱལ་ཐར་གྱིས་རང་ཁྱིམ་དུ་ཁྱིམ་ཚང་སྨན་པ་རྡོ་རྗེས་ཁྲག་ཤེད་བརྟག་སྐབས་དགའ་སྤྲོའི་ངང་དེ་ལྟར་བཤད། མིག་སྔར་ལི་ཐང་རྫོང་གི་ཞིང་འབྲོག་དུད་ཚང་ཁྲི་1.5ལྷག་ལ་ཁྱིམ་ཚང་སྨན་པ་ཡོད་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ཁྱབ་གདལ་ཧུར་ཐག་བཏང་བ་རེད། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཟེར་བ་ནི་སྨན་པ་གཅིག་དང་སྨན་གཡོག་གཅིག་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་མི་སྣ་གཅིག་བཅས་ལས་གྲུབ་པའི་ཚོགས་པས་ཁྱིམ་ཚང་དབར་གྲོས་མཐུན་བཞག་སྟེ་གཙོ་བོར་བདེ་ཐང་གི་བློ་འདྲི་དང་། བདེ་ཐང་གི་སློབ་གསོ། སྨན་བཅོས་སྐྱོབ་བཅོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་བཅས་ཀྱི་ཞབས་འདེགས་ཞུ་བ་མ་ཟད། དུས་བཀག་ནང་ཁྱིམ་ཚང་དུ་བསྐྱོད་པ་དང་ཁ་པར་འདྲི་རྩད་སོགས་ལ་བརྟེན་ནས་རེས་སྐོར་བཅར་འདྲི་བྱེད་ཀྱི་ཡོད། མིག་སྔའི་བར་ལི་ཐང་རྫོང་དུ་དུད་ཚང་དབུལ་པོ་5097དང་དུད་ཚང་10531གི་སྤྱིར་བཏང་མི་ཚོགས་དབར་གན་རྒྱ་བཞག་ཟིན་པ་དང་འབྲེལ། ལོ་མཇུག་གོང་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཡོངས་སུ་ཁྱབ་པའི་བརྩོན་ལེན་ཡང་བྱ་རྒྱུ་རེད།
     མོ་ལ་སྨད་ཤང་གི་འཕྲོད་བསྟེན་ཁང་གིས་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་དུད་ཁྱིམ་དུ་བསྐྱོད་ནས་རེས་མོས་བཅར་འདྲི་བྱས་ཤིང་། ཚྭ་མགོ་གྲོང་ཚོ་སོགས་ཀྱི་བགྲེས་སོང་རྣམས་ལ་ཁྲག་ཤེད་ལྟ་བ་སོགས་ཀྱི་རྒྱུན་གཏན་གྱི་གཟུགས་པོའི་བརྟག་དཔྱད་བྱས་པ་དང་། ལོ་6མན་གྱི་བྱིས་པའི་བདེ་ཐང་གི་རེས་མོས་བཅར་འདྲི་བྱས་ཏེ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུས་པ་རེད།