འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎མཚོ་སྔོན་གྱི“གཞུང་ལམ་མཛེས་ཤོས”ཐོག་རླངས་འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། “རླངས་འཁོར་རི་གྲོང་དུ་བསྐྱོད། ཡིད་འོང་ས་ཆར་ཡུལ་སྐོར་བྱེད”“སྣོད་བཅུད་གཞུང་ལམ”འཛུགས་སྐྲུན་གྱི་འདུ་ཤེས་སེམས་ལ་བཅངས་ནས་ལམ་ཐིག་ལེགས་སྒྲིག་ཐེངས་མང་དང་སྣོད་བཅུད་སྲུང་སྐྱོང་གང་ཐུབ་བྱས་པའི་མཚོ་སྔོན་ཞིང་ཆེན་བྲག་ལུང་ལུང་ཤུར་ནས་ཀྲམ་པོ་གྲོང་རྡལ་བར་གྱི་གཞུང་ལམ་ཐོག་ཚེས་11ཉིན་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
     བྲག་ཀྲམ་གཞུང་ལམ་ནི་རྒྱལ་ཁབ་ཀྱི《ལིའུ་ཕན་ཧྲན་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དབུལ་སྐྱོར་འཆར་འགོད(2011ལོ་ནས་2020ལོ་བར)》ནང་འཆར་འགོད་བྱས་པའི་ཞིང་ཆེན་རིམ་པའི་གཞུང་ལམ་གྲས་ཤིག་རེད། གཞུང་ལམ་དེའི་མགོ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་བྲག་ལུང་ལུང་ཤུར་ནས་མཇུག་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་ཀྲམ་པོ་གྲོང་རྡལ་བར་ཡིན་ཞིང་། ལམ་བར་དུ་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་ཆགས་པའི་པེ་ཧྲན་རྒྱལ་ཁབ་ནགས་ཚལ་ས་གཤིས་སྤྱི་གླིང་དང་གྲོ་ཚང་ཁུལ་དུ་གནས་པའི་ཚང་ཅ་གྲོག་རོང་གི་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་བརྒྱུད་སྐབས། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཡོད་པས། དྲ་གྲོགས་ཚོས་མཚོ་སྔོན་གྱི“གཞུང་ལམ་མཛེས་ཤོས”ཞེས་བརྗོད་ཀྱི་ཡོད།
     “གཞུང་ལམ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་50ལྷག་ཙམ་ལས་མེད་རུང་། འཛུགས་སྐྲུན་བྱེད་ཡུན་ལོ་ལྔ་ཙམ་འགོར་བ་དང་། གཙོ་བོ་ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད། གཞུང་ལམ་དེ་ཐོག་མའི་འཆར་འགོད་ནས་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་མ་ཐུབ་བར་སྔ་རྗེས་སུ་ལམ་ཐིག་ཕྱེད་ཀ་ལྷག་ཙམ་ལེགས་སྒྲིག་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་ལེང་གིས་བཤད་པ་རེད།
     ཝང་ཅན་ལེང་གིས། བྲག་ཀྲམ་གཞུང་ལམ་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་བརྒྱུད་པའི་གཞུང་ལམ་ཞིག་ཡིན་པས། ཐོག་མའི་ལམ་ཐིག་གི་འཆར་འགོད་ཤིང་ནགས་སྟུག་པའི་ཁུལ་དུ་གནས་པས། གལ་སྲིད་སྔོན་མའི་ཇུས་བཀོད་ལྟར་འཛུགས་སྐྲུན་བྱས་ན་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེན་ཕོག་གི་ཡོད། ནགས་ཚལ་ཐོན་ཁུངས་བཟུང་ཚད་ཉུང་དུ་གཏོང་ཆེད། གཞུང་ལམ་དེ་བསྐྲུན་རིང་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་པའི་ལམ་དུམ་ལེགས་སྒྲིག་བྱས་པ་མ་ཟད། “ཟམ་པས་ལམ་གྱི་ཚབ་བྱེད་པ”དང“སྐམ་སྦུག་ཟམ་པར་བསྒྱུར་བའི”བྱེད་ཐབས་སྤྱད་པས། ནགས་ཚལ་ཐོན་ཁུངས་ལ་གཏོར་སྐྱོན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     “བྲག་ཀྲམ་གཞུང་ལམ་ལ་སྔ་རྗེས་སུ་སྤྱི་ལེ་26ཡི་ལམ་ཐིག་ལེགས་སྒྲིག་བྱས་པ་དེས་ཇུས་འགོད་ལམ་ཚད་ཀྱི་51%བཟུང་བ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ལམ་ཐིག་ལེགས་སྒྲིག་བྱེད་མང་ཤོས་ཀྱི་གཞུང་ལམ་ཞིག་རེད”བྲག་ཀྲམ་གཞུང་ལམ་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་ཅན་ཆིང་གིས་ལམ་ཐིག་ལེགས་སྒྲིག་བྱས་པ་བརྒྱུད། གཞུང་ལམ་དེས་ནགས་ས་བཟུང་ཚད་མུའུ་243ཉུང་དུ་ཕྱིན་པ་དང་། ཐོག་མའི་ལམ་ཐིག་འཆར་འགོད་དང་བསྡུར་ན་ཤིང་སྡོང་67000གཅོད་ཉུང་དུ་ཕྱིན་ཡོད། དེ་དང་དུས་མཚུངས་གཞུང་ལམ་དེ་བཟོ་རིང་ལམ་གཞི་འདིང་བའི་ས་རོ་རྡོ་རོ་སྤྱད་དེ། “ལྗང་མདོག་རླངས་འཁོར་འཇོག་ས”42བཟོས་པས“སྣོད་བཅུད་ལམ་བཟོའི”འཕེལ་རྒྱས་འདུ་ཤེས་དངོས་སུ་མངོན་ཐུབ་ཡོད་ཅེས་བཤད་པ་རེད།