འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་12ཉིན།

༄༅༎“དབྱར་རྩྭ་དགུན་འབུ་འཐུ་བ་ལས་གལ་འགངས་ཆེ་བ་ནི་སྤང་རིར་སྲུང་སྐྱོང་བྱེད་པ་དེ་རེད” 

—— མཚོ་བོད་ས་མཐོའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཀྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་12ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དབྱར་རྩྭ་དགུན་འབུ་དང་། དཀར་པོ་ཆིག་ཐུབ། ཤ་བའི་ཁྲག་རྭ་བཅས་ལ“ཀྲུང་ལུགས་སྨན་རྫས་ཀྱི་མཆོག་ནོར་གསུམ”ཞེས་པའི་མཚན་སྙན་ཡོད་པ་དང་། སྨན་རྒྱུ་རྩ་ཆེན་ཞིག་རེད། སྨན་རྩྭ་དེ་རིགས་ས་བབ་མཐོ་ཚད་སྨི་3700ནས་སྨི་4800བར་གྱི་ས་མཐོར་སྐྱེས་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོར་ལོར་དབྱར་རྩྭ་དགུན་འབུ་ཐོན་ཚད་ཏུན་300ཙམ་ལས་མེད་ཅིང་། དབྱར་རྩྭ་དགུན་འབུ་རྒྱ་མ་གང་གི་རིན་གོང་སྒོར་ཁྲི་ཁ་ཤས་ནས་སྒོར་ཁྲི་བཅུ་ཕྲག་བར་ཟིན་གྱི་ཡོད། དེར་བརྟེན“གསེར་གཉེན་པོ”ཞེས་འབོད་པའི་དབྱར་རྩྭ་དགུན་འབུ་དེ་དབྱར་རྩྭ་དགུན་འབུ་ཐོན་ཡུལ་གྱི་འབྲོག་པའི་འབབ་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།
     བསོད་ནམས་ཡེ་ཤེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་སུ་རུག་ཤང་སྟོད་ཤོག་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད། རྫ་སྟོད་རྫོང་ནས་དབྱར་རྩྭ་དགུན་འབུ་ཐོན་གྱི་ཡོད་པ་དང་རྫ་སྟོད་རྫོང་སྟོད་ཤོག་གྲོང་ཚོ་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་སྤུས་ཀ་ལེགས་ལ་ཐོན་འབབ་ཀྱང་མང་བས་ལོ་ལྟར་མང་ཚོགས་ཁྲི་ཙམ་དེ་གར་དབྱར་ཙྭ་དགུན་འབུ་འཐུ་བར་འགྲོ་གི་ཡོད།
     ཞྭ་མོ་དང་། ཁ་རས། ལག་ཤུབས་བཅས་གྱོན་པའི་བསོད་ནམས་ཡེ་ཤེས་དང་ཁོང་གི་ནང་མི་ཚོ་རི་སྐེད་དུ་སླེབས་རྗེས་གོག་བགྲོད་བྱེད་དགོས་ཀྱི་ཡོད། བསོད་ནམས་ཡེ་ཤེས་ཀྱི་བུ་མོ་དབང་མཚོས“གོག་བགྲོད་བྱས་ན་མ་གཏོགས་དབྱར་རྩྭ་དགུན་འབུ་མཐོང་གི་མ་རེད”ཅེས་བཤད་བྱུང་། འདི་ལོ་ལོ་21ལ་སླེབས་པའི་དབང་མཚོ་ཡུལ་ཤུལ་ཀྲོའུ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད། ལོ་རེའི་ཟླ་བ་གཅིག་གི“འབུ་འཐུའི་གུང་གསེང”རིང་ཁོ་མོ་ཁྱིམ་དུ་ལོག་ནས་ཨ་ཕ་དང་གཅེན་གཅུང་ཚོ་དང་མཉམ་དུ་རི་ལ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་ཡི་ཡོད།
     རིར་འཛེགས་ནས་ཆུ་ཚོད་གཅིག་ཙམ་སོང་རྗེས་དབང་མཚོར་དེ་རིང་གི་དབྱར་རྩྭ་དགུན་འབུ་དང་པོ་དེ་རྙེད་པ་རེད། ཁོ་མོས་སྔོན་ལ་རང་ཉིད་ཀྱི་ལག་པས་རིང་ཚད་ཚོད་དཔག་བྱས་རྗེས་རྐོ་མ་ཆུང་ཆུང་ཞིག་གིས་དབྱར་རྩྭ་དགུན་འབུའི་མཐའ་འཁོར་གྱི་སྤང་བསྔོགས་པ་དང་དེ་ནས་གཟབ་གཟབ་གསིག་གསིག་ངང་དབྱར་རྩྭ་དགུན་འབུ་ས་ནས་བཏོན། མཇུག་ཏུ་ཁོང་གིས་འདྲུད་ཁུང་སླར་ཡང་བསུབས། དབང་མཚོས“ལག་པས་རིང་ཚད་འཇལ་དོན་ནི་འབུ་མི་ཆད་པའི་ཆེད་དུ་རེད། འདྲུད་ཁུང་སུབ་དོན་ནི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རེད་ལ། ས་ངོས་ཀྱི་སྤང་མུ་མཐུད་སྐྱེ་ཆེད་རེད”ཅེས་བཤད་བྱུང་།
     འདྲུད་ཁུང་སུབ་པ་ཕུད། དབྱར་རྩྭ་དགུན་འབུ་སྔོག་པའི་ལག་ཆར་ཡང་འགྱུར་ལྡོག་བྱུང་ཡོད། བསོད་ནམས་ཡེ་ཤེས་ཀྱིས་ལག་གི་རྐོ་མ་ཆུང་ཆུང་དེ་བཀྱགས་ནས“སྤང་རི་སྲུང་སྐྱོང་བྱ་ཆེད་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རྐོ་མ་ཆུང་ཆུང་ཞིག་ཁྱེར་ནས་འདྲུ་ཡི་ཡོད། དེ་ལྟར་བྱས་ཚེ་གཏོར་བཤིག་ཐེབས་ཁྱོན་ཆུང་དུ་གཏོང་ཐུབ”ཅེས་བཤད་རྗེས་བསོད་ནམས་ཡེ་ཤེས་ཀྱིས་འདྲུད་ཁུང་དེ་ཡང་ཡང་མནན་ནས་འདྲུད་པའི་ཤུལ་མཐོང་རྒྱུ་མེད་པར་བཟོས།
     ས་མཐོའི་གནམ་གཤིས་དྭངས་སླ་ལ་འཐིབས་ཀྱང་སླ། ཡུད་ཙམ་ཞིག་ལ་ཆར་པ་སིམ་སིམ་བབས། བསོད་ནམས་ཡེ་ཤེས་ཀྱི་ནང་མི་ཚོས་ཆར་པར་གཡོལ་བའི་ཞོར་ལ་ངལ་གསོའང་ཕྲན་ཙམ་བརྒྱབ། དེ་ནས་ཁོང་ཚོས་ལྟོ་ཕད་ནས་འོ་ཇ་དང་། ཞོ། མོག་མོག བཏུང་བྱ་སོགས་བཏོན་ནས་ཚ་སྤོགས་བརྒྱབ། བསོད་ནམས་ཡེ་ཤེས་ཀྱིས“དེ་སྔོན་དབྱར་རྩྭ་དགུན་འབུ་སྔོག་རིམ་བཞིན་འགྱིག་དམ་དང་འགྱིག་ཤོག་མང་པོ་རི་ལ་བསྐྱུར་གྱི་ཡོད། ད་ཆ་ཚང་མས་གད་སྙིགས་གང་བྱུང་དུ་དབྱུག་གི་མེད་པར་འབུ་སྔོག་པའི་ཞོར་ལ་གད་སྙིགས་ཀྱང་སྒྲུག་གི་ཡོད”ཅེས་བཤད་བྱུང་། དེ་ནས་དབང་མཚོས“སློབ་གྲྭའི་དགེ་རྒན་རྣམ་པས་ང་ཚོར་གད་སྙིགས་གང་བྱུང་དུ་མ་དབྱུགས་པར་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་གསུང་གི་འདུག”ཅེས་བཤད་བྱུང་།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་འབབ་ཏུན་7ནས་ཏུན་10བར་ཡིན་ཞིང་། རྫ་སྟོད་རྫོང་སུ་རུག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཉི་མས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད། འབུ་འཐུ་བའི་དུས་ཚིགས་སུ་ཕྱི་མི་རི་ལ་གཏན་ནས་གཏོང་གི་མེད་ལ། རྫོང་འདིའི་མི་སྣ་ཡིན་ན་ཡང་ཐོབ་ཐང་ལག་ཁྱེར་བཏོན་རྗེས་གཞི་ནས་འབུ་ཐོན་སར་འཛུལ་ཆོག་གི་ཡོད་ཅེས་བཤད་བྱུང་།
     བསོད་ནམས་ཡེ་ཤེས་ཀྱིས“དབྱར་རྩྭ་དགུན་འབུ་འཐུ་བ་ལས་གལ་འགངས་ཆེ་བ་ནི་སྤང་རིར་སྲུང་སྐྱོང་བྱ་རྒྱུ་དེ་རེད། དབྱར་རྩྭ་དགུན་འབུ་འཐུ་བ་ནི་རང་ཉིད་ཀྱི་ཆེད་དུ་རེད། འོན་ཀྱང་སྤང་རིར་སྲུང་སྐྱོང་བྱེད་པ་ནི་རྗེས་རབས་ཀྱི་ཆེད་དུ་རེད”ཅེས་བཤད་བྱུང་། ཆར་མཚམས་ཆད་རྗེས་བསོད་ནམས་ཡེ་ཤེས་ཀྱི་ནང་མི་རྣམས་མུ་མཐུད་རིར་བསྐྱོད་སོང་།