འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་11ཉིན།

༄༅༎མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་
དཔེ་མཚོན་གྱོད་གཞི་5ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་11ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ལ་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་གཞི་5ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ལ་སྒྲིག་བཀུར་ཁྲིམས་སྲུང་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་དགོས་པའི་འབོད་སྐུལ་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་མན་ཀྲེ་ཧྥང་གིས། ན་ནིང་ཚུན་དུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་གིས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་སྤྱི་ཕན་གཏུག་བཤེར་བྱས་ཏེ་འབྲེལ་ཡོད་གྱོད་གཞི་40ལྷག་ཙམ་ཞིབ་གཅོད་བྱེད་མཇུག་འགྲིལ་བའི་ནང་གཙོ་བོ་ཁོར་ཡུག་དང་འབྲེལ་བའི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་དང་ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཚུད་ཡོད། ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་5པོ་དེ་དག་ཁོར་ཡུག་སྦགས་བཙོག་བཟོས་པ་དང་། ཁྲིམས་འགལ་ངང་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱས་པ། ནགས་ཚལ་གཏོར་བརླག་བཏང་བ། ཁྲིམས་འགལ་ངང་རྔོན་བརྒྱབ་པ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པ། ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་ཅེས་བརྗོད་པ་རེད།
     དཔེར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཀུན་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་པ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པའི་ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ལྟ་བུར་ཆ་བཞག་ན། 2017ལོའི་ཟླ་12པའི་ཚེས་30ཉིན། ཞུ་སྦྱོར་ཕྱི་མ་ཀུན་ཆེ་གེ་མོ་སོགས་མི་3གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་བ་3བསད་པ་རེད། ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་དང་ཆབས་ཅིག ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་ཡང་བྱས་པ་རེད། ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས་ཞུ་སྦྱོར་ཕྱི་མ་ཀུན་ཆེ་གེ་མོ་སོགས་མི་3དུས་བཀག་བཙོན་འཇུག་ལོ་3ནས་5བར་སོ་སོར་བྱས་པ་དང་སྦྲགས་བབ་མཚུངས་ཀྱི་དངུལ་ཆད་ཀྱང་བཅད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2013ལོ་ནས་2018ལོ་བར། མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་དམངས་དོན་དང་། ཉེས་དོན། སྲིད་འཛིན་བཅས་ཀྱི་གྱོད་གཞི་4700ལྷག་ཙམ་ཞིབ་གཅོད་བྱེད་མཇུག་འགྲིལ་བ་རེད།