འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་11ཉིན།

༄༅༎ཀན་སུའུ་བོད་རིགས་ས་ཁུལ་སྲིད་གཞུང་གིས་ལས་སྟེགས་བསྐྲུན་ནས་དུད་ཚང་དབུལ་པོ་གྲོང་ཁྱེར་དུ་
གླ་པ་རྒྱུག་པར་རོགས་རམ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རི་ཁུལ་དང་བོད་རིགས་ས་ཁུལ་ནས་ཐོན་ཏེ་ལས་ཀ་དང་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱ་ཆེད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་མ་རུ་གྲོང་རྡལ་གྱི་བོད་རིགས་འབྲོག་པ་ཆོས་དཀར་བཀྲ་ཤིས་ཚེ་རིང་ལ་མྱོང་ཚོར་ཟབ་མོ་ཡོད་པ་སྟེ། “དེ་སྔོན་གླ་པ་རྒྱུག་སྐབས་གླ་ཆ་འགན་ལེན་མེད། ད་ཆ་སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱས་ནས་ང་ཚོ་ལན་ཀྲོའུ་གྲོང་ཁྱེར་དུ་གླ་པ་རྒྱུག་རྒྱུར་རོགས་སྐྱོར་ཆེན་པོ་བྱས་སྟབས་སེམས་རྣལ་ལ་ཕབ་སོང”ཞེས་བཤད།
     ཉེ་ཆར། ཨར་ལས་བཟོ་པ་བླུགས་པའི“བདེ་སྐྱིད་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ”ཞིག་ཅོ་ནེ་རྫོང་ནས་ཐོན་ཏེ་ཀྲུང་གོ་བཟོ་སྐྲུན་ཅུས་བརྒྱད་པའི་ནུབ་བྱང་ཀུང་སིའི་ལན་ཀྲོའུ་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་གི་རྣམ་གྲངས་པུའུ་རུ་འབྱོར། ཨར་ལས་བཟོ་པ་31ནང་ལོ་ཆུང་ཤོས་29དང་ཆེ་ཤོས་48ལ་སླེབས་པ་དང་ཆོས་དཀར་བཀྲ་ཤིས་ཚེ་རིང་ནི་དེའི་ནང་གི་གྲས་ཤིག་རེད། སླད་ཕྱིན་གྱི་དུས་མཚམས་ཤིག་རིང་ཁོང་ཚོས་དེ་གར་ཤེས་བྱ་སློབ་སྦྱོང་དང་རྩལ་ནུས་ཆེ་རུ་བཏང་སྟེ་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་རྒྱུ་རེད།
     ཅོ་ནེ་རྫོང་གི་གཞུང་ཕྱོགས་ཀྱི་འགན་ཁུར་བས་བརྗོད་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་དང་རོགས་སྐྱོར་ཁེ་ལས་ཀྱི་ཐུན་མོང་འབད་བརྩོན་འོག་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མང་ཆེ་བ་དབུལ་སྒྲོལ་ཐུབ་ཡོད། དབུལ་སྒྲོལ་ཐུབ་མེད་པའི་དུད་ཚང་དབུལ་པོ་ཉུང་ཤས་ལ་དམིགས་ནས་ས་གནས་དེ་གའི་སྲིད་གཞུང་གིས་ཀྲུང་གོ་བཟོ་སྐྲུན་ཅུས་བརྒྱད་པའི་ནུབ་བྱང་ཀུང་སི་དང་མཉམ་ལས་ཀྱི་འདོད་མཐུན་བཞག་པ་དང་ཆབས་ཅིག ཅོ་ནེ་རྫོང་ངལ་ནུས་གཞན་སྒྱུར་ཀུང་སི་བཙུགས་ཏེ་ཕྱིར་གླ་པར་སྐྱོད་འདོད་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གདན་དྲངས་ནས་ཀྲུང་གོ་བཟོ་སྐྲུན་ཅུས་བརྒྱད་པའི་ནུབ་བྱང་ཀུང་སིའི་ཁོངས་གཏོགས་ཀྱི་རྣམ་གྲངས་སུ་ལས་ཀ་བྱེད་པར་བཏང་བ་རེད།
    ཅོ་ནེ་རྫོང་མ་རུ་གྲོང་རྡལ་ཏང་སྲིད་གཞུང་ལས་ཁང་གི་འགན་འཁུར་བས། “ཀྲུང་གོ་བཟོ་སྐྲུན་ཅུས་བརྒྱད་པ་དང་ངལ་ནུས་ལས་ཞུགས་དབུལ་སྐྱོར་བྱས་པ་དེ་སྟབས་བདེའི་ངང་ལས་ཀ་ཞིག་སྤྲད་པ་ཙམ་མིན་པར་དེ་བས་གལ་ཆེ་བ་ནི་ཕྱིར་གླ་པར་སྐྱོད་མཁན་ལ་རྩལ་ནུས་ཤིག་སློབ་སྦྱོང་དང་ཁོང་དུ་ཆུད་རོགས་བྱས་ཏེ་རྩ་བའི་ཆ་ནས་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བཤད།
     ཀྲུང་གོ་བཟོ་སྐྲུན་ཅུས་བརྒྱད་པའི་ནུབ་བྱང་ཀུང་སིའི་ཀན་སུའུ་ཅིང་ལི་པུའི་འགན་འཁུར་བས། ཨར་སྐྲུན་རྣམ་གྲངས་དེ་ཅོ་ནེའི་ཕྱིར་གླ་པར་སྐྱོད་མཁན་གྱི་གསོ་སྦྱོང་སློབ་གྲྭ་ཞིག་ཏུ་གཏོད་ནས་ཕྱིར་གླ་པར་སྐྱོད་མཁན་ལ་འགན་ལེན་ཐུབ་པའི་ལས་ཀ་ཞིག་མཁོ་འདོན་ཐུབ་པ་དང་། ཁོང་ཚོར་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་ནས་འཇོན་ཐང་ཆེ་རུ་བཏང་སྟེ་རྦད་དེ་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་རེད་ཅེས་བཤད།