འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅༎ལྷ་སའི་བོད་ཀྱི་རིག་གནས་མྱོང་རོལ་བྱེད་སྒོས་ཡུལ་སྐོར་བ་བཀུག་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་5ཚེས་28ཉིན། ཡུལ་སྐོར་བས་ལྷ་སའི་གྲོང་ཁུལ་རྙིང་པར་བོད་ཆས་གྱོན་ནས་པར་རྒྱག་གི་ཡོད།
ཟླ་5ཚེས་28ཉིན། ཡུལ་སྐོར་བས་ལྷ་སའི་གྲོང་ཁུལ་རྙིང་པར་བོད་ཆས་གྱོན་ནས་པར་རྒྱག་གི་ཡོད།
     མི་དམངས་དྲ་བའི་འཕྲིན། ལྷ་སའི་བར་སྐོར་གྱི“འདུ་ཤེས་བདུན་པའི”བོད་ཆས་མྱོང་རོལ་ཁང་ནང་ཡུན་ནན་སེམས་ཀྱི་ཉི་ཟླ་ནས་ཕེབས་པའི་བློ་བཟང་སྒྲོལ་མས་དགའ་རོགས་ལ་བོད་ཆས་འདེམས་ཀྱི་ཡོད། འདི་ནི་ཁོ་ཚོ་བོད་དུ་ཡུལ་སྐོར་ཡོང་ཐེངས་དང་པོ་ཡིན་པས། དངོས་བྲིས་པར་འགའ་བླངས་ནས་དྲན་རྟེན་དུ་འཇོག་འདོད། ཁོ་མོས“ས་གནས་སོ་སོའི་བོད་ཆས་ཀྱི་བཟོ་ལྟ་མི་འདྲ་བས། ང་ཚོས་ས་གནས་འདི་གའི་བོད་ཆས་ཤིག་ལ་ཚོད་ལྟ་བྱེད་འདོད་ཡོད་”ཅེས་བརྗོད། 
     ལྔ་པའི་ཚེས་ལྔའི་དུས་ཆེན་རིང་། ལྷ་སའི་བར་སྐོར་མི་ཚོགས་ཀྱིས་ཁེངས་ཤིང་། བོད་ཆས་མྱོང་རོལ་ཁང་འདིའི་ཚོང་ཡང་ཧ་ཅང་བྲིན་ཡོད། མཛེས་སྤྲོས་ཁང་ནང་བོད་ཆས་གྱོན་པར་ཕེབས་པའི་ཡུལ་སྐོར་བས་ཁེངས་འདུག་པས་འཁྲུག་ཆ་དོད་ལ་དྲོ་སྐྱིད་ལྡན། མཛེས་བཟོ་མཁན་ཝུའུ་དབྱིས་ཡུལ་སྐོར་བ་མང་བའི་དུས་སུ་ཟླ་བ་གཅིག་རིང་ཡུལ་སྐོར་བ་བརྒྱ་ལྷག་ཙམ་སྣེ་ལེན་ཞུ་ཐུབ་ཅིང་། རིན་གོང་ཡང་སྒོར་བརྒྱ་ཕྲག་ནས་སྒོར་ཁྲི་ཕྲག་བར་ཡིན། ཡུལ་སྐོར་བས་ད་དུང་བོད་ཆས་གྱོན་ནས་རྩྭ་ཐང་དང་གནམ་མཚོ་སོགས་སུ་པར་ལེན་དུ་སོང་ཆོག་ཅེས་བཤད།
     ལོ་29ལ་སླེབས་པའི་ཀའོ་ཕུའུ་རུའེ་ནི་གྱོན་ཆས་ཇུས་འགོད་སྦྱངས་མཁན་ཞིག་ཡིན་ལ། བོད་ཆས་མྱོང་རོལ་ཁང་འདིའི་སྦྱིན་བདག་རེད། ཁོང་གིས་བར་སྐོར་ནས་བོད་ཆས་འཚོང་བའི་ལས་གཉེར་ནས་ལོ་གསུམ་ལྷག་འགོར་ཡོད་ཅིང་། མིག་སྔར་ཚོང་ཁང་ནང་གི་བོད་ཆས་20%ནི་ཁོ་རང་གིས་དངོས་སུ་ཇུས་འགོད་བྱས་པ་རེད། ཁོས་སྲོལ་རྒྱུན་བོད་ཆས་ཀྱི་རྨང་གཞིའི་ཐོག་དཔེ་གསར་གྱི་ཆ་བསྣན་ཡོད་དེ། རྒྱུ་ཆའི་ཐད་ནས་གསར་གཏོད་བྱས་ཏེ་མ་རྩ་ཇེ་ཆུང་དང་གྱོན་ཆས་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།
     པེ་ཅིང་ནས་ཕེབས་པའི་ཡུལ་སྐོར་བ་ཝང་ཞའོ་ལྷ་སར་སླེབས་པའི་ཉིན་དང་པོར་བོད་ཆས་མྱོང་རོལ་བྱེད་པར་ཡོང་བ་རེད། གཟུགས་ཀྱི་རིང་ཚད་ལ་སྨི་1.74ཡོད་པའི་ཁོ་མོས་མཐའ་མར་ཁ་དོག་དམར་སེར་སྡེབ་པའི་ཁམས་པའི་རྒྱན་གོས་ཆ་ཚང་ཞིག་བདམས་ཤིང་། ཕར་བལྟས་ཚོད་ཀྱིས་བརྗིད་ཆེ་ཞིང་མིག་ལ་མཛེས་པ་ཞིག་རེད། མོས“བོད་ཆས་ཧ་ཅང་མཛེས་པོ་འདུག་པས། དྲན་རྟེན་ཞིག་འཇོག་འདོད་”ཅེས་བརྗོད། 
     ཉེ་བའི་ལོ་ཤས་རིང་། རིག་གནས་མྱོང་རོལ་ཡུལ་སྐོར་རང་རྒྱལ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དེས་“སྙན་ངག་”དང་“འབྱུང་འགྱུར་”ཟུང་དུ་སྦྲེལ་ཏེ། ཡུལ་སྐོར་བ་དག་ལ་ཡུལ་སྐོར་བྱ་ཡུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཉམས་སུ་མྱོང་བཅུག་ཡོད།
     བར་སྐོར་དུ་བོད་སྤོས་འཚོང་བ་དང་བཟོ་བའི་ཚོང་ཁང་ཆུང་ཆུང་ཞིག་ཡོད། སྦྱིན་བདག་ཝང་དབྱིས་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་2ནས་4བར་སྤོས་བཟོ་བར་ཡོང་གི་ཡོད་པ་དང་། མི་རེས་སྒོར་128སྤྲད་ན་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་བོད་སྤོས་བཟོ་ཆོག བོད་སྤོས་བཟོས་ནས་བསྐམས་ཚར་རྗེས། རང་ཉིད་སྤོས་ལེན་དུ་ཡོང་ཆོག་ལ། ཚོང་བདག་མངགས་ནས་དམིགས་བཙུགས་གནས་སུ་བསྐུར་བཅུག་ཀྱང་ཆོག་ཅེས་བཤད།
     སྤོས་བཟོ་ཁང་དུ་སྐྱོད་ཚེ་བོད་སྤོས་ཀྱི་དྲི་ཞིམ་སྣ་ལམ་དུ་འཐུལ་ཡོང་། ཅོག་ཙེའི་ཐོག་ཏུ་ལི་ཤི་དང་། ལྕ་བ། སྟག་མ་སོགས་སྨན་རྫས་སྣ་ཁ་30ལྷག་ཙམ་བཞག་ཡོད། ཤིང་གི་སྡེར་མ་རེ་རེའི་ནང་དུ་ཡུལ་སྐོར་བ་ཚོས་བཟོས་པའི་སྤོས་སྐེམ་ཡོད་ཅིང་། མཆོད་རྟེན་དབྱིབས་ཀྱི་སྤོས་དང་། སྐུད་པའི་སྤོས། སྤོས་རྡོག་བཅས་ཕུད། ད་དུང་ “མཉམ་དུ་འགྲོ” “བཀྲ་ཤིས” “དོན་འགྲུབ”སོགས་ཀྱི་ཡི་གེ་བཀོད་ཡོད་པའི་སྤོས་བྱང་སྙིང་རྗེ་མོའང་ཡོད། 
     ཞང་ཀང་ནས་ཡོང་བའི་ཡུལ་སྐོར་བ་ལི་ཡན་ཞིན་དང་ཝང་ཆི་ཝུན་གྱིས་མྱོང་རོལ་གྱི་བརྒྱུད་རིམ་ལ་བློ་ཡིད་ཚིམ་པོ་བྱུང་ཡོད། ཁོ་ཚོས་སྦྱིན་བདག་ལ་རང་ཉིད་ཀྱིས་བཟོས་པའི་སྤོས་ཐུམ་རྒྱག་ཏུ་བཅུག་ནས་ཁྱིམ་དུ་འཁྱེར་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། “དུས་རྒྱུན་སྤྱོད་པའི་སྤོས་ཚང་མ་ཉོས་པ་ཤ་སྟག་རེད། རང་གིས་དངོས་སུ་བཟོས་པའི་སྤོས་ནི་དེ་བས་ཀྱང་སྙིང་ཉེ་བ་ཞིག་རེད་”ཅེས་ལི་ཡན་ཞིན་གྱིས་བཤད།
ཡུལ་དངོས་སུ་སྤོས་བཟོ་བ།
ཡུལ་དངོས་སུ་སྤོས་བཟོ་བ།